རྒྱ་མི་སྟོང་ཕྲག་བརྒལ་བས་ཐོབ་ཐང་འཐབ་རྩོད་ཆེད་གཞུང་ལ་ངོ་རྒོལ།


2016-12-16
Share
རྒྱ་ནག་ཧྲང་ཧེ་རུ་རྒྱ་མི་སྟོང་ཕྲག་བརྒལ་བས་རྒན་ཡོལ་ཕོགས་ཐོབ་དང་འོས་འཚམས་ཀྱི་ཐོབ་ཐང་རག་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་སྐབས། ༢༠༡༦།༡༢།༡༤ རྒྱ་ནག་ཧྲང་ཧེ་རུ་རྒྱ་མི་སྟོང་ཕྲག་བརྒལ་བས་རྒན་ཡོལ་ཕོགས་ཐོབ་དང་འོས་འཚམས་ཀྱི་ཐོབ་ཐང་རག་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་སྐབས། ༢༠༡༦།༡༢།༡༤
མཐུན་འགྱུར་པར་རིས།

རྒྱ་མི་སྟོང་ཕྲག་བརྒལ་བས་རྒན་ཡོལ་ཕོགས་ཐོབ་དང་འོས་འཚམས་ཀྱི་ཐོབ་ཐང་རག་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག
དེ་ཡང་གཟའ་མིག་དམར་སྤྱི་ཚེས་༡༤ཉིན། རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི། སྤྱི་དམངས་ལས་དོན་ལས་ཁུངས་ཀྱི་མདུན་དུ། དེ་སྔ་རིག་གནས་གསར་བརྗེ་སྐབས་སུ་རྒྱ་ནག་གི་གྲོང་ཁྱེར་ནས་གྲོང་གསེབ་ཁག་ཏུ་བཏང་བའི་རྒྱ་མི་སྟོང་ཕྲག་བརྒལ་བས་ཁོང་རྣམ་པའི་ལས་ཡོལ་གྱི་རྒན་ཕོག་སོགས་འོས་འཚམས་ཀྱི་ཐོབ་ཐང་མ་རག་པའི་དཀའ་ངལ་ཡོད་པ་སྦྱར་ཡིག་དང་། འབོད་ཚིག་སོགས་ཀྱི་ལམ་ནས་བསྒྲགས་ཞོར་ངོ་རྒོལ་གྱིས་ཞུ་ཡིག་ཞིག་འབྲེལ་ཡོད་ལ་ཕུལ་འདུག
ངོ་རྒོལ་གྱི་ས་གནས་དེར་རྒྱ་ནག་གཞུང་སྐོར་སྲུང་པ་བརྒྱ་ལྷག་གིས་སྟངས་འཛིན་བྱས་ནས་བསྡད་ཡོད་པ་ལས། ངོ་རྒོལ་མཁན་ཚོར་དྲག་སྤྱོད་དང་འཇུ་བཟུང་བྱེད་པ་སོགས་གནས་ཚུལ་གང་ཡང་བྱུང་མེད་པ་རེད། འོན་ཀྱང་འབྲེལ་ཡོད་རྒྱ་ནག་གི་ལས་ཁུངས་ཀྱི་ལས་བྱེད་མི་སྣ་སུ་གང་གིས་ཀྱང་ངོ་རྒོལ་བ་ཚོར་ཐུགས་འཕྲད་དང་དཀའ་སྡུག་ཞུ་གཏུགས་ལ་ངོས་ལེན་བྱས་མ་བྱུང་ཞེས་དེ་སྔོན་གྲོང་གསེབ་ཁུལ་དམངས་ཁྲོད་དུ་ངལ་རྩོལ་སློབ་སྦྱོང་གི་ཆེད་བཏང་བ་དང་ད་ལྟ་ངོ་རྒོལ་པའི་གྲས་སུ་ཡོད་པ་སྐུ་ཞབས་ཆུས་བྷེས་ལགས་ཀྱིས་ང་ཚོའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་འགྲེལ་བརྗོད་གནང་ཡོད།
དེ་སྔ་རིག་གནས་གསར་བརྗེ་སྐབས་སུ་རྒྱ་ནག་གི་དམར་ཤོག་ཚོགས་པའི་གཙོ་འཛིན་མའོ་ཙེ་ཏུང་གིས། རྒྱ་ནག་ནང་གི་ན་གཞོན་ཤེས་ཡོན་ཅན་ཁྲི་ཚོ་བརྒལ་བ་གྲོང་གསེབ་ཁག་ཏུ། ངལ་རྩོལ་སློབ་སྦྱོང་ཆེད་དུ་བཏང་བ་དག་རྗེས་སུ་སློབ་གྲྭ་ཆེན་མོ་འགྲིམས་རྒྱུའི་གོ་སྐབས་ཡག་པོ་ཞིག་རག་མེད་པའི་ཐོག ད་ཆ་རྒན་ཡོལ་ཚར་རྗེས། ཁོང་ཚོ་གྲོང་ཁྱེར་དུ་གནས་སྡོད་བྱས་ཡོད་ཀྱང་། རྒས་ཕོགས་དང་འཕྲོད་བསྟེན་སྨན་བཅོས་ཀྱི་ཐོབ་ཐང་སོགས་གྲོང་གསེབ་ཁུལ་དང་མཉམ་པ་ཞིག་ལས་མེད་སྟབས། རིན་གོང་ཆེ་བའི་གྲོང་ཁྱེར་གྱི་འཚོ་བ་འདང་ངེས་ཞིག་མེད་པའི། ཐོབ་ཐང་འོས་འཚམས་རག་ཐབས་ཡུན་རིང་བརྩད་ཀྱང་རྒྱ་གཞུང་གིས་དེ་ཙམ་དང་ལེན་གནང་གི་མེད་པ་རེད་འདུག།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།