ཨི་ཊ་ལི་ཡིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་གན་རྒྱ་བཞག་ཡོད་པ་དེ་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་བརྗོད་འདུག

2023.09.12
ཨི་ཊ་ལི་ཡིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་གན་རྒྱ་བཞག་ཡོད་པ་དེ་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་བརྗོད་འདུག ཨི་ཊ་ལི་(Italy)་ཡི་སྲིད་བློན་ལྕམ་(Giorgia Meloni)་ལགས་ལྡི་ལིར་བསྐོང་ཚོགས་གནང་བའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་(G20)་ཡི་ཚོགས་ཆེན་སྐབས། ༠༩།༡༠།༢༠༢༣
AP

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་ཚོགས་གནང་བའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་(G20)་ཡི་ཚོགས་ཆེན་གྱི་སྐབས་དང་བསྟུན། ཨི་ཊ་ལི་(Italy)་ཡི་སྲིད་བློན་ལྕམ་(Giorgia Meloni)་ལགས་ཀྱིས་དེ་སྔོན་༢༠༡༩ལོར་རྒྱ་ནག་དང་ལྷན་དུ་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་འབྲེལ་བའི་གན་རྒྱ་བཞག་ཡོད་པ་དེ་ཕྱིར་འཐེན་བྱེད་རྒྱུ་ཡིན་ཚུལ་རྒྱ་ནག་གི་སྲིད་བློན་(Li Qiang)་ལ་བརྡ་བཏང་ཡོད་འདུག
ཉམས་ཞིབ་པ་(Axel Berkofsky)་ལགས་ནི་(Italy)་ནང་རྟེན་གཞི་བྱས་པའི་(Pavia)་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་དང་ཨི་ཊ་ལིའི་རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་ལྟེ་གནས་ཁང་གི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་ཡིན་པ་དང་། ཁོང་གིས་གནད་དོན་དེ་དང་འབྲེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིར་ཐབས་བྱུས་ཡང་དག་པ་ཞིག་མེད་པའི་ཁར། ལྕམ་(Meloni)་ལགས་ཀྱིས་སྣེ་ཁྲིད་པའི་ད་ལྟའི་གཞུང་འཛིན་ཚོགས་པས། དེ་སྔ་རྒྱ་ནག་དང་ལྷན་དུ་བཞག་ཡོད་པའི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་འབྲེལ་བའི་གན་རྒྱ་དེ་བསྐྱར་གསོ་བྱེད་རྒྱུ་མིན་པ་ཧ་ལམ་ཐག་ཆོད་ཟིན་པ་ལྟ་བུ་རེད། ཨ་རིའི་ལྷན་དུ་དཔལ་འབྱོར་དང་ས་ཁམས་ཆབ་སྲིད། ཚོང་འབྲེལ་སོགས་གང་གི་ཆ་ནས་འགྲན་རྩོད་ཆེ་བའི་རྒྱ་ནག་ལྷན་དུ་འདི་ལྟ་བུའི་གན་རྒྱ་བཞག་པ་ཡིན་ན། གྲུབ་འབྲས་ཡག་པོ་ཞིག་མེད། འོན་ཀྱང་། (Italy)་ངོས་ནས་རྒྱ་ནག་དང་ལྷན་དུ་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་འབྲེལ་བ་མེད་པའི་སྒོ་ནས་ཚོང་འབྲེལ་བྱེད་ཆོག་གི་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་(Italy)་ཡི་ཕྱི་སྲིད་བློན་ཆེན་(Antonio Tajani)་ལགས་ཁ་སྔོན་སྤྱི་ཟླ་༩ པའི་ཚེས་༥ཉིན་རྒྱ་ནག་པེ་ཅིན་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་སྐབས། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིར་སྐྱོན་བརྗོད་བྱས་ཏེ། ལས་གཞི་དེ་ང་ཚོས་རེ་བ་བྱས་པ་ལྟར་བསྒྲུབ་མ་སོང་ལ། ང་ཚོའི་ཆབ་སྲིད་ཚོགས་པ་མང་པོ་ཞིག་གིས། ཨི་ཊ་ལི་གཞུང་ལས་གཞི་དེའི་ནང་མཉམ་ཞུགས་གནང་བར་དགག་པ་རྒྱག་མུས་ཡིན་ཞེས་རྒྱ་ནག་ལ་བརྗོད་ཡོད་པ་རེད།
སྤྱིར་བཏང་ཨི་ཊ་ལི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་གན་རྒྱ་བཞག་པ་ནས་བཟུང་། ད་བར་རྒྱ་ནག་ལ་ཕྱི་ཚོང་བྱས་པའི་ཡོང་འབབ་ནི་ཡོ་སྒོར་ཐེར་འབུམ་༡༤།༥་ནས་༡༨།༥མང་དུ་ཕྱིན་ཡོད་འདུག ཡིན་ནའང་། རྒྱ་ནག་གིས་ཨི་ཊ་ལི་ལ་ཕྱིར་ཚོང་བྱས་པའི་ཡོང་འབབ་ནི་ཡོ་རོ་སྒོར་ཐེར་འབུམ་༣༣དང་ཕྱེད་ཀ་ནས་༥༥།༩བར་མང་དུ་ཕྱིན་ཡོད་འདུག
ཨི་ཊ་ལི་(Italy)་ཡི་སྲིད་བློན་ལྕམ་(Meloni)་ལགས་ཀྱིས། ཁོང་མོའི་གཞུང་གི་ངོས་ནས་རིང་མིན་སྤྱི་ཟླ་༡༢འགྱངས་མེད་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པ་གསུངས་ཏེ། ང་ཚོ་ནི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཆ་ཤས་ཤིག་ཡིན་ནའང་། རྒྱ་ནག་དང་ལྷན་དུ་ཕྱི་ཚོང་གི་འབྲེལ་བ་དམ་ཟབ་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་བདུན་ཏེ། ཨ་རི་དང་དབྱིན་ཡུལ། ཧྥ་རན་སི། ཁེ་ན་ཌ། ཉི་ཧོང་། ཇར་མི་ནི། དེ་བཞིན་ཨི་ཊ་ལི་བཅས་ཀྱི་ནང་ནས་རྒྱ་ནག་ལྷན་དུ་ལས་གཞིའི་དེའི་ཐོག་གན་རྒྱ་བཞག་མཁན་དེ་ང་ཚོ་གཅིག་པུ་ཡིན་པ་དེ་ནི་སྔ་ཕྱི་འགལ་ཟླ་ལྟ་བུ་རེད་འདུག་ཅེས་བརྗོད་འདུག
ཡང་ཡོ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་སློབ་སྟོན་པ་ཟུར་པ་དང་རྒྱ་ནག་ཉམས་ཞིབ་པ་(Zsuzsa Anna Ferenczy)་ལགས་ཀྱིས། ཨི་ཊ་ལིས་ད་སྐབས་རྒྱ་ནག་དང་ལྷན་དུ་ཕྱི་འབྲེལ་གནང་ཕྱོགས་དེ་བསྐྱར་ཞིབ་བྱེད་མུས་ཡིན་པ་མ་ཟད། ལྕམ་(Meloni)་སྲིད་བློན་དུ་བདམས་པའི་རྗེས། ཁོང་མོས། རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་ཨི་ཊ་ལི་དང་མཉམ་ཞུགས་བྱས་པའི་ནོར་འཁྲུལ་ཆེ་ཤོས་དེ་ཐེར་འདོན་བྱེད་རྒྱུ་ཡིན་པ་གསུངས་ཡོད། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་བའི་རྗེས་འབྲས་སུ། རྒྱ་ནག་གིས་ཡོ་རོབ་དང་ལྷན་དུ་དཀའ་རྙོག་རྣམས་དམའ་སར་བཟུང་ནས་སེལ་ཐབས་བྱེད་ཀྱི་ཡོད། མདོར་ན། ད་རེས་ཨི་ཊ་ལིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་འབྲེལ་བ་མཚམས་འཇོག་རྒྱུ་ཡིན་པའི་བརྡ་ལན་དེས། འཛམ་གླིང་གིས་རྒྱ་ནག་ལ་ལྟ་ཕྱོགས་ནི་ཇེ་སྡུག་ཏུ་སོང་བའི་རྣམ་པ་ཡིན་པ་ཡིག་ཐོག་ནས་འགྲེལ་བརྗོད་གནང་བྱུང་།
ཡང་ཁ་སྔོན་སྤྱི་ཟླ་༧པའི་ནང་ཨི་ཊ་ལིའི་རྒྱལ་སྲུང་བློན་ཆེན་(Guide Crosetto)་ལགས་ཀྱིས། འདས་པའི་ལོ་བཞིའི་གོང་ལ་ང་ཚོས་རྒྱ་ནག་ལྷན་དུ་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཐོག་གན་རྒྱ་འཇོག་པའི་སྐབས་གྲ་སྒྲིག་མེད་པར་བྲེལ་འཚུབ་ངང་ནས་ཐག་གཅོད་གནང་བ་ཞིག་རེད་ཅེས་བརྗོད་འདུག གཞན་ཡང་ཨི་ཊ་ལི་དང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་འབྲེལ་བའི་གན་རྒྱ་དེ་ནི་ཨི་ཊ་ལིའི་གཞུང་འཛིན་ཚོགས་པ་གོང་མས་ཐག་གཅོད་གནང་བ་ཞིག་ཡིན་པ་མ་ཟད། དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁྲོད་རྒྱ་ནག་གི་ལས་གཞི་དེར་གན་རྒྱ་འཇོག་མཁན་ཐོག་མ་དེ་ཆགས་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎