བོད་ནང་གི་དཔོན་རིགས་ཟུར་པ་ཏིང་ཡེ་ཤན་ལ་སྒྲིག་ཁྲིམས་ནས་འགལ་བའི་དོགས་གཞིའི་འོག་ནས་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ལྷན་ཁང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་འགོ་བཙུགས་ཡོད་འདུག
དེ་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་ཚོགས་རྒྱུན་ལས་ལྷན་ཁང་གི་དེ་སྔའི་དམར་ཤོག་དྲུང་ཆེ་གཞོན་པ་དང་། འགན་འཛིན་གཞོན་པ་ཏིང་ཡེ་ཤན་ལ་སྒྲིག་ཁྲིམས་ནས་འགལ་བའི་དོགས་གཞིའི་འོག་ནས་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ལྷན་ཁང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་འགོ་བཙུགས་ཡོད་འདུག
ད་རེས་བོད་ནང་གི་དཔོན་རིགས་ཟུར་པ་ཏིང་ཡེ་ཤན་ལ་བརྟག་དཔྱད་ཞིབ་བཤེར་བྱེད་ཀྱི་ཡོད་པའི་གནས་ཚུལ་འདིའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་གསུངས་པར། ཏིང་ཡེ་ཤན་ནི་དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུ་དབྱིང་ཅེ་དང་མཉམ་དུ་བོད་ནང་ལོ་སུམ་ཅུ་སོ་གྲངས་རིང་ལས་ཀ་བྱེད་མྱོང་མཁན་ཞིག་ཆགས་ཡོད་དུས། བོད་ནང་རྒྱུས་མངའ་ཆེན་པོ་ཡོད་པའི་མི་སྣ་ཞིག་གིས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་གང་ཡིན་རུང་ཞིབ་བཤེར་བྱེད་ཀྱི་ཡོད་པ་དེས། གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་འཛིན་སྐྱོང་གི་སྒྲོམ་གཞིའི་གནད་དོན་ཐོག་ལ་སྐྱོན་ཡོད་པ་ཞིག་མངོན་གསལ་དོད་པ་ཆགས་ཡོད་ཅེས་གསུངས་བྱུང་།
ཡང་བོད་ནང་གི་དཔོན་རིགས་ལ་ཞིབ་བཤེར་བྱས་པ་ད་རེས་ཐོག་མ་མ་ཡིན་པར། བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་དཔོན་རིགས་བྱེད་མྱོང་མཁན་ཝུ་དབྱིང་ཅེ་ལ་ལོ་གཉིས་ཀྱི་རྗེས་ལག་བསྟར་བྱེད་རྒྱུའི་སྲོག་ཁྲིམས་ཀྱི་ཉེས་པ་བཏང་བ་སོགས་འདས་པའི་ལོ་ཤས་རིང་བོད་ནང་གི་དཔོན་རིགས་ཁག་ཅིག་ལ་ཞིབ་བཤེར་བརྟག་དཔྱད་དང་ཁྲིམས་ཐོག་ནས་ཉེས་པ་བཏང་བའི་གནས་ཚུལ་འགའ་ཤས་བྱུང་མྱོང་ཡོད་པ་མ་ཟད། ད་དུང་ལྐོག་ཟ་བྱེད་མཁན་དཔོན་རིགས་མང་པོ་ཡོད་པ་བོད་ནང་ནས་བརྗོད་མཁན་འདུག་ལ། བོད་ནང་གི་དཔོན་རིགས་མང་པོས་བོད་ཀྱི་བརྟན་ལྷིང་ཁ་ལ་འཁྱེར་ནས་རང་དོན་གྲུབ་མཁན་ཡོད་པ་བརྗོད་མཁན་བྱུང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་མུ་མཐུད་གསུངས་པར། རྒྱ་ནག་གཞུང་གིས་དེ་སྔ་གཞུང་དང་ཞིང་ཆེན་ཁག་ནས་རོགས་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་ཟེར་བ་སོགས་ཀྱི་གནས་ཚུལ་མང་པོ་དྲིལ་བསྒྲགས་བྱེད་ཀྱི་ཡོད་ན་ཡང་དངོས་སུ་བོད་མིར་ཕན་ཐོགས་ཀྱི་མེད་པའི་གནས་ཚུལ་མང་པོ་ཡོད་པ་དཔེར་ན། འཛིན་སྐྱོང་གི་གནད་དོན་སོགས་དེ་རིགས་མངོན་གསལ་དོད་པོ་ཆགས་ཡོད་པས། གང་ལྟར་རྒྱ་ནག་གཞུང་གིས་རོགས་སྐྱོར་བྱས་པ་འདི་ཚོ་གཞུང་གིས་བཏང་པའི་དཔོན་རིགས་དེ་ཚོས་བེད་སྤྱོད་བྱས་པ་ལས་བོད་མིར་ཐད་ཀར་ག་ཚོད་ཐོབ་ཀྱི་ཡོད་པ་འདི་དྲི་བ་ཆགས་ཡོད། སྤྱི་ཡོངས་ནས་ཞུས་ན། ད་ལྟའི་གནས་ཚུལ་འདིས་བོད་མི་ཚོའི་འདོད་དོན་གཙོ་བོ་གང་ཡིན་པ་འདི་ལ་རྒྱ་ནག་གཞུང་གིས་ད་དུང་གསལ་པོ་མི་ཤེས་པ་དང་། ཏིང་ཡེ་ཤན་དང་ཝུ་དབྱིང་ཅེ་སོགས་གཞུང་གིས་བཏང་པའི་རྒྱ་རིགས་དཔོན་རིགས་དེ་ཚོས་ལྐོག་ཟ་རུལ་སུངས་སོགས་གང་ལྟར་གནས་ཚུལ་གཞན་གྱི་ཐོག་ནས་བོད་མིའི་བདེ་དོན་ཐོག་ལས་ཀ་བྱེད་ཀྱི་མེད་པ་འདི་མངོན་གསལ་དོད་པོ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
ཏིང་ཡེ་ཤན་ནི་ཐོག་མར་ ༡༩༧༨ ལོར་བོད་དུ་འབྱོར་ནས་ལྷོ་ཁ་ཁུལ་དུ་ལས་བྱེད་དཀྱུས་མ་ཞིག་ནས་རིམ་པ་བཞིན་བོད་རང་སྐྱོང་ལྗོངས་ནོར་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གཙོ་འཛིན་གཞོན་པ་བྱས་འདུག་ལ། ༢༠༡༣ ལོར་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ལྷན་ཁང་དང་དམར་ཤོག་དྲུང་ཆེ་གཞོན་པ། ༢༠༡༧ ལོར་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་དམར་ཤོག་དྲུང་ཆེ། ༢༠༢༡ ལོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ལྷན་ཁང་གི་འགན་འཛིན་གཞོན་པ་བྱས་ཡོད་འདུག
གཞན་ཡང་ཏིང་ཡེ་ཤན་གྱི་གནད་དོན་འདི་ཐོན་པའི་རྗེས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས་ལྷན་ཁང་གིས་ཚོགས་འདུ་བསྐོངས་ནས། གཞུང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་ཐག་གཅོད་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད་འདུག
པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།
