༧གོང་ས་མཆོག་གིས་སྤྱི་འཐུས་ཚོཊ་གཙོ་སྦྲེལ་པོ་དང་བཀའ་ཤག་ལྷན་རྒྱས་ལ་གསར་མཇལ་བསྩལ་བ།

༧སྐུའི་ཞབས་པུས་སྨན་བཅོས་ཆེད་ཕྱི་ཚེས་ ༥ ཉིན་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱང་གཏན་འཁེལ་བ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་གཙོ་སྦྲེལ་པོ་དང་བཀའ་ཤག་ལྷན་རྒྱས་ལ་གསར་མཇལ་བསྩལ་ཞིང་། ཞབས་པུས་སྨན་བཅོས་ཆེད་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱང་གཏན་འཁེལ་བ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་ོཔ་མཆོག་གིས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་དང་། སྐབས་ ༡༧ པའི་བཀའ་ཤག་གི་སྲིད་སྐྱོང་དང་བཀའ་བློན་རྣམ་པར་་གསར་མཇལ་བསྩལ་སྐབས། མི་རབས་གསར་པ་བསླེབས་འདུག་ཅེས་ཐུགས་དགྱེས་ཚོར་གནང་བ་དང་སྦྲགས། “གང་ལྟར་བོད་ཀྱི་གནས་ཚུལ་དེ་འཛམ་བུ་གླིང་འདིའི་ཐོག་གསལ་དུ་ཕྱིན་པའི་བཟོ་དང་བོད་མིའི་བཙན་བྱོལ་སྒྲིག་འཛུགས་དེ་དངོས་གནས་ཆ་འཇོག་འཕེར་བ་ཞིག་ཏུ་ངོས་འཛིན་གྱིས་ཚང་མས་དགའ་པོ་བྱེད་ཀྱི་འདུག་པས། ང་མདོ་སྨད་སྐུ་འབུམ་ནས་སྐྱེས་པའི་མི་འདིས་བོད་བསྟན་སྲིད་ཆེད་འགན་འཁྱེར་ནས་ཕན་ཐོགས་ཞེ་དྲགས་ཡག་པོ་བྱུང་སོང་བ་དང་། ད་དུང་ངའི་སྙིང་སྟོབས་ཞུམ་པ་མེད། དངོས་གནས་བོད་བསྟན་སྲིད་ཀྱི་བདེ་དོན་མཐར་ཐུག་བར་ངས་སྒྲུབ་བསམ་ནས་བསྡད་ཡོད་།” ཅེས་བཀའ་སློབ་བསྩལ་གནང་མཛད་འདུག་ཅིང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ང་ཚོས་དབུ་འོག་དཔུང་འདེགས་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡིན་ཞེས་ཞུས་འདུག

ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༤ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་གྲུབ་མཚམས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསར་འགོད་པའི་བཀའ་འདྲིར་ལན་འདེབས་གནང་སྐབས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་བོད་དུ་ཆིབས་སྒྱུར་བསྐྱང་རྒྱུར་བོད་ནང་གཏན་དུ་བཞུགས་དགོས་པའི་ཆ་རྐྱེན་འདོན་གྱི་ཡོད་པ་ད་ལྟའི་གནས་སྐབས་འདིར་བསྒྲུབ་ཐུབ་རྒྱུ་མེད་ནའང་བོད་དུ་ཆིབས་སྒྱུར་གནང་རྒྱུའི་ཐུགས་རེ་ཡོད་ཅེས་དང་། རྒྱལ་སྤྱིའི་ནང་གི་ཉིན་རེའི་ཆབ་སྲིད་ཀྱི་འགྱུར་འགྲོས་དེ་འཁྲུག་པོ་ཆགས་དུས། རྒྱ་ནག་ནང་གི་གནས་སྟངས་ག་རེ་ཆགས་ཀྱི་ཡོད་པ་སོགས་ལ་ཞིབ་འཇུག་དང་དཔྱད་པ་བྱེད་པ་སོགས་ཀྱི་བརྒྱུད་ཐབས་བྱུས་དང་ལྡན་པའི་སྒོ་ནས་གོམ་སྟབས་སྤོས་ན་ནུས་པ་ཡང་ཐོན་ངེས་ཡིན་པ་གསུང་གི་འདུག གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་བྱེད་བབ་དེ་དག་གིས་བོད་མི་རིགས་ཀྱི་རྨ་ཁ་ཆེ་རུ་གཏོང་བཞིན་ཡོད་པ་མ་གཏོགས་རྨ་ཁ་གསོ་བའི་ལམ་ལ་འགྲོ་ཐུབ་ཀྱི་མེད་པས། དཀའ་ངལ་སེལ་དགོས་ཡོད་ན། གཙོ་བོ་བོད་ནང་གི་བོད་མི་རྣམས་ལ་རང་དབང་དང་བདེ་སྐྱིད་བསྐྲུན་དགོས་ཤིང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུག་འཕྲད་བྱེད་འཇུག་ན་ཕྱིས་སུ་ག་རེ་ཆགས་མི་ཆགས་ལྟ་ཆོག་གི་རེད་ཅེས་གསུངས་ཤིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་གསུན་མི་ཡོང་བ་དང་བོད་ནང་གི་བོད་མི་རྣམས་ཐུགས་ཕམ་མི་ཡོང་བ་དེ་ཐེངས་འདིའི་བཀའ་ཤག་གི་དམིགས་ཡུལ་གཙོ་བོ་ཡིན་པ་གསུངས་བྱུང་།

སྐབས་ ༡༨ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་ལ་མཇལ་ཁ་བསྩལ་བ། ༢༠༢༦།༦།༤
སྐབས་ ༡༨ སྤྱི་འཐུས་ཚོཊ་གཙོ་སྦྲེལ་པོར་གསར་མཇལ་བསྩལ་བ། སྐབས་ ༡༨ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་ལ་མཇལ་ཁ་བསྩལ་བ། ༢༠༢༦།༦།༤ (OHHDL)

བར་ལམ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གི་དད་ལྡན་པ་ཚོར་མང་མཇལ་བསྩལ་སྐབས་སུ། དད་ལྡན་པ་རྣམས་ཀྱིས་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་ཐུབ་པའི་སྨོན་འདུན་ཞུ་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་རེ་ཞིག་བོད་ལ་ཆིབས་བསྒྱུར་དང་གནས་གཟིགས་ཆེད་གཏན་གཏན་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་སྩལ་ཡོད་པ་རེད།

གཞན་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་གནང་བ་ལྟར་ན། ཟླ་ ༦ ཚེས་ ༥ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཞབས་པུས་གཡོན་མར་སྨན་བཅོས་སླད་བཞུགས་སྒར་རྡ་རམ་ས་ལ་ནས་ལྡི་ལིར་ཆིབས་བསྒྱུར་བསྐྱང་གཏན་འཁེལ་འདུག་ཅིང། ཞབས་པུས་སྨན་བཅོས་གྲུབ་སྟེ་དྲག་སྐྱེད་ཟིན་མཚམས་ཕྱི་ཟླ་དྲུག་པའི་ཟླ་མཇུག་ཙམ་ལ་ལ་དྭགས་སུ་ཆིབས་བསྒྱུར་གྱིས་བཞུགས་གཏན་འཁེལ་ཡོད་པ་རེད་འདུག

རྩ་བའི་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༤ ཉིན་དེ་སྔ་ཟླ་ ༦ ཚེས་ ༢༨ ཉིན་ཨ་རིའི་ནིའུ་ཡོག་གི་ (Hospital of special surgery) ཞེས་དམིགས་བསལ་གཤགས་བཅོས་སྨན་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞབས་པུས་དངོས་སུ་འཕྲོད་བཞེས་མཛད་ཡོད་པ་དང་། སྨན་བཅོས་གྲུབ་པའི་རྗེས་དགའ་ལྡན་ཕོ་བྲང་ཡིག་ཚང་དང་འབྲེལ་ཡོད་ཀྱི་སྨན་པ་དང་༧སྐུའི་བླ་སྨན་པ་རྣམ་གཉིས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཤགས་བཅོས་ཀྱི་རྗེས་སུ་ཉིན་རེ་ནས་ཉིན་རེ་ཇེ་ལེགས་སུ་ཕེབས་ཀྱི་ཡོད་པ་དང་། ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་ཅེས་གསལ་བསྒྲགས་གནང་ཡོད་པ་རེད།

གཞན་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ (D.K. Shivakumar) མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་ཅིང་། མངའ་སྡེ་དེའི་གཞུང་མང་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་གནང་བར་མངོན་བསྟོད་དང་། ཀར་ན་ཊ་ཀ་མངའ་སྡེའི་མི་མང་གི་མངོན་འདོད་དང་རེ་བ་འགེགས་མེད་བསྒྲུབ་ཐུབ་པའི་ཐུགས་སྨོན་འཚམས་འཕྲིན་སྩལ་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།