རྒྱ་གར་ནས་རྒྱལ་སྤྱིའི་དགེ་རྒན་གྱི་ཕུལ་བྱུང་གཟེངས་རྟགས་ཐོག་མར་ཐོབ་མཁན་རཱན་ཇིཏ་སིངྷ་ཌིས་ལེ་ཡིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་སྐབས་ཁོང་གི་ལས་འཆར་ཁག་གི་སྐོར་སྙན་གསེང་ཞུས་ཤིང་། ཤེས་ཡོན་སློབ་འཁྲིད་ཀྱི་ཐབས་ལམ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་མཉམ་ལས་གནང་བཞིན་འདུག
(Global Teacher Prize) ཞེས་རྒྱལ་སྤྱིའི་དགེ་རྒན་གྱི་ཕུལ་བྱུང་གཟེངས་རྟགས་དེ་བཞིན་རྒྱ་གར་ནང་ཐོག་མར་ཐོབ་མཁན་རན་ཇིཏ་སིངྷ་ཌིས་ལེ་ (Ranjitsinh Disale) ལགས་ཀྱིས་བཞུགས་སྒར་རྡ་སར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་སོང་བ་དང་། ཁོང་གིས་རྒྱལ་སྤྱིའི་དགེ་རྒན་གྱི་ཕུལ་བྱུང་གཟེངས་རྟགས་དང་མཉམ་ཐོབ་པའི་ཨ་སྒོར་ས་ཡ་གཅིག་དེའི་ཕྱེད་ཀ་འོས་མི་དགེ་རྒན་གཞན་དགུ་ཡོད་པ་དེ་དག་ལ་ཡང་བགོ་བཤའ་བསྐྱོན་ཏེ་ཕུལ་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༤ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་བསྩལ་བའི་ལེགས་བསུའི་འཚམས་འཕྲིན་ནང་བསྔགས་བརྗོད་གནང་བ་དང་འབྲེལ། དམིགས་བསལ་གྱི་ལུང་ཁུག་ཁག་ཏུ་གནས་བཞིན་པའི་ཕྲུ་གུ་དཔལ་འབྱོར་ཞན་པ་རྣམས་ལ་ཤེས་ཡོན་ཐོག་རམ་འདེགས་ཞུ་བ་དེ་ནི། འཛམ་གླིང་ཡར་རྒྱས་ཕྱོགས་སུ་བསྐྱོད་པའི་ལེགས་སྐྱེས་བཟང་ཤོས་ཤིག་ཡིན་པ་དང་། ཁྱེད་ཀྱིས་བྱ་གཞག་དེས་མི་གཞན་ལའང་སེམས་འགུལ་དང་བློ་སྐྱེད་བསྐྲུན་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་བཀའ་བསྩལ་མཛད་འདུག
ཐེངས་འདིར་མཇལ་ཁ་གྲུབ་མཚམས་ཁོང་གིས། “ངས་དེ་སྔ་སློབ་གྲྭའི་ཀློག་དེབ་ནང་གི་སྒྲུང་དང་སློབ་ཚན་སོགས་ཆ་ཚང་དང་འབྲེལ་བའི་བརྙན་དང་སྒྲ་སོགས་ལྟ་ཉན་ཐུབ་པའི་གསང་རྟགས་ (QR code) ཀློག་དེབ་ནང་མཉམ་དུ་སྦྱར་ཏེ། ཐོག་མར་རྒྱ་གར་མ་ཧ་རཤ་ཊྲ་མངའ་སྡེའི་ནང་གི་ན་ཆུང་བུད་མེད་ཚོའི་ཤེས་ཡོན་སློབ་གསོར་རམ་འདེགས་གནང་ཡོད་པ་དང་། དེ་རྗེས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་སྐབས་སུ་ངའི་གསར་གཏོད་དེས་རྒྱ་གར་ནང་གི་སློབ་ཕྲུག་ས་ཡ་མང་པོར་ཕན་ཐོགས་གྲུབ་ཐུབ་ཡོད་པ་རེད། དེར་བརྟེན་ནས་ང་ལ་འཛམ་གླིང་ཕུལ་བྱུང་གི་བྱ་དགའ་དེ་ཐོབ་པ་ཞིག་རེད།” ཅེས་གསུངས་བྱུང་།
ཐེངས་འདིར་ཁོང་ལ་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ཐེངས་དང་པོ་རེད་འདུག་ལ། རྡ་སར་ཕེབས་པ་ཡང་དང་པོ་རེད་འདུག ད་ལྟའི་ཆར་རྡ་སར་ཁོང་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ལྷན་མཉམ་ལས་ཀྱི་ལས་གཞི་ཞིག་ཀྱང་གནང་བཞིན་པ་རེད་འདུག
དེ་ཡང་ཁོང་གིས། “༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེ་ནི་ཐེངས་དང་པོ་དང་ངའི་མི་ཚེའི་ནང་བསུབ་ཐབས་མེད་པའི་དྲན་རྟེན་ཞིག་ཏུ་གྱུར་སོང་ལ། ངའི་སློབ་ཕྲུག་ཚོས་༧གོང་ས་མཆོག་ལ་བྲིས་པའི་རི་མོ་ཁག་ཅིག་ཕུལ་རྒྱུ་བྱུང་ལ། ༧མགོན་པོ་མཆོག་གིས་ཐུགས་མཉེས་པོ་ཞེ་དྲགས་གནང་སོང་། ང་ཚོས་ཉེ་ལམ་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་མཉམ་དུ་མཉམ་ལས་བྱ་རྒྱུ་འགོ་བཙུགས་བྱས་ཡོད། དེའི་ཁྲོད་བོད་པའི་སློབ་གྲྭ་ཉི་ཤུའི་ནང་འཕྲུལ་རིགས་བཀོལ་སྤྱོད་ལ་བརྟེན་ནས་དགེ་རྒན་གྱི་སློབ་འཁྲིད་ཐབས་ལམ་སྟབས་བདེ་དང་། སློབ་མ་རྣམས་ལའང་ཕན་ཐོགས་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ད་ལྟའི་ཆར་སློབ་གྲྭ་བཅུ་གཅིག་ནང་ནག་པང་གི་ཚབ་ཏུ་དཔེ་གསར་གྱི་སློབ་འཁྲིད་ཐབས་ལམ་གྱི་ཆེད་སྟབས་བདེའི་འཕྲུལ་ཆས་བཞག་ཡོད།” ཅེས་གསུང་གི་འདུག
རྩ་བའི་ (Global Teacher Prize) ཞེས་རྒྱལ་སྤྱིའི་དགེ་རྒན་གྱི་ཕུལ་བྱུང་གཟེངས་རྟགས་དེ་ནི་ (UNESCO) ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་བཅས་ཀྱི་སྡེ་ཚན་དང་། ལན་ཌན་དུ་རྟེན་གཞི་བྱས་པའི་ (Varkey Foundation) གཉིས་ཐུན་མོང་གིས། ཕྱི་ལོ་ ༢༠༡༥ ནས་ (Global Teacher Prize) ཞེས་ལོ་རེར་རྒྱལ་སྤྱིའི་དགེ་རྒན་ཕུལ་བྱུང་རེ་ལ་ཨ་སྒོར་ས་ཡ་གཅིག་ཕུལ་འགོ་བཙུགས་པ་ཞིག་དང་། དེ་ནི་དགེ་རྒན་ཞིག་གིས་རང་ཉིད་ཀྱི་ཆེད་ལས་དེའི་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བར་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་རེད་འདུག

གཞན་འཛམ་གླིང་ས་ཕྱོགས་གང་ས་ནས་དད་ལྡན་པ་རྒྱུན་མི་ཆད་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་གྱི་ཡོད་པ་བཞིན། དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་སེར་ཙམ་མ་ཟད་རྒྱ་གར་མི་སེར་ཁྲོད་ཀྱི་དཔོན་རིགས་དང་ཤེས་ལྡན་མི་སྣ། དེ་བཞིན་དད་ལྡན་པ་མང་དག་ཅིག་བཞུགས་སྒར་རྡ་སར་བཅར་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་ཡི་ཡོད་པ་དང་། ༧གོང་ས་མཆོག་གི་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་དགོངས་གཞིར་ཡིད་སྨོན་ཞུ་མཁན་མང་དག་ཅིག་ཡོང་བཞིན་འདུག དེའི་བར་ན་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ། རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེའི་ནང་གི་མོན་རྟ་ལྦང་བརྒྱུད་ཆིབས་བསྒྱུར་བསྐྱངས་སྐབས། ཉིན་བཅུའི་རིང་༧གོང་ས་མཆོག་གི་སྐབས་དེའི་ཆིབས་དཔོན་གྱི་ཆིབས་ཞབས་གནང་སྟེ། ཆིབས་རྟ་ལ་ཟན་རྩ་དང་ཆུ་སྤྲོད་མཁན་གནང་མྱོང་ཡོད་པ། མོན་ཏ་ལྦང་གི་རི་སྐྱ་ལྷ་འོད་རིན་པོ་ཆེའི་པཱ་ལགས་ཀྱིས་ཐེངས་འདིར་༧གོང་ས་མཆོག་གི་མཇལ་ཁར་བཅར་སོང་། གཞན་མཇལ་ཁའི་སྐབས་རི་སྐྱ་རིན་པོ་ཆེ་མཆོག་གིས་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་རྣམ་ཐར་པོད་ཆེན་ལྔ་ཕྱོགས་བསྒྲིགས་གནང་བ་ཞིག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
