བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ན་ཝི་པི་ལེ་ལགས་སུ་ཞི་བདེ་དང་རྒྱལ་སྤྱིའི་ཁྲིམས་ལུགས་གོང་སྤེལ་གྱི་ཕྱག་ལས་ལ་ངོས་འཛིན་གྱིས་ཕྱི་ལོ་ ༢༠༢༦ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲིའི་བཀའ་ཡིག་བསྩལ་གནང་འདུག
གསུང་འཕྲིན་ནང་འཁོད་དོན་དུ། ཁྱེད་ཀྱིས་མི་ཚེ་འདི་འཛམ་གླིང་ནང་ཐོབ་ཐང་འགོག་པའི་མིའི་དོན་དུ་བཏང་གནང་པ་རེད་ཅེས་དང་། “ཁྲིམས་ལུགས་ལྟར་སྐྱོང་བའི་རྒྱལ་ཁབ་ཅིག་ཏུ། རང་དབང་ཅན་གྱི་ཁྲིམས་ལུགས་དབང་འཛིན་དང་། རང་དབང་གི་གསར་འགྱུར་བརྒྱུད་ལམ་ཡོད་པ་དེས། རང་གི་མི་མང་ལ་ཞབས་ཞུ་ལེགས་པོ་ཞུ་ཐུབ་པ་མ་ཟད། དེ་བརྒྱུད་འཛམ་གླིང་གི་མི་མང་ལའང་ཕན་ཐོགས་ཆེ་ཤོས་འབྱུང་ཐུབ་པར་ངས་ཡུན་རིང་ནས་ཡིད་ཆེས་བྱེད་ཀྱི་ཡོད། ཁྲིམས་ལུགས་མེད་སར་དྲང་བདེན་མིན་པའི་གནས་ཚུལ་དང་སྡུག་བསྔལ་ལྡོག་ཐབས་མེད་པར་འབྱུང་གི་ཡོད།”ཅེས་བཀའ་གནང་འདུག
ན་ཝི་པི་ལེ་དང་བོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ན་ཝི་པི་ལེ་ལགས་སུ་ཁོང་གིས་རྒྱལ་ཚོགས་ནང་དུ་འགན་འཁུར་བཞེས་རིང་བོད་དོན་ཐོག་ལ་དོ་འཁུར་གནང་ཡོད་པར་བསྔགས་བརྗོད་ཀྱང་མཛད་འདུག
དེ་ཡང་གསུང་འཕྲིན་ནང་མུ་མཐུད། “བོད་པ་ཞིག་ཡིན་པའི་ཆ་ནས། ཁྱེད་རང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཚོགས་ཀྱི་གཙོ་འཛིན་གྱི་འགན་འཁུར་བཞེས་རིང་། བོད་ཀྱི་གནད་དོན་གཞི་རྩའི་ཐོག་ནས་ཐག་གཅོད་དགོས་པའི་རྒྱ་ནག་ལ་བསྐུལ་མ་གནང་བའི་ཐད་ལ་ངས་ཤིན་ཏུ་ནས་བཀའ་དྲིན་ཆེ་ཞུ་ཡི་ཡོད།”ཅེས་འཁོད་འདུག
ཕྱི་ལོ་ ༡༩༨༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འདི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཡོད།
༢༠༢༦ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས།
ནོ་ཝེའི་ནོ་སྦེལ་ཞི་བདེ་གཟེགས་རྟགས་ཚོགས་པས། སྔོན་མ་ ICC ཞེས་པའི་རྒྱལ་སྤྱིའི་ཉེས་ཁྲིམས་ཁྲིམས་ཁང་གི་ཁྲིམས་དཔོན་ཡིན་པ་ Navi Pillay ལགས་ལ། ༢༠༢༦ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པའི་གསལ་བསྒྲགས་གནང་ཡོད་ཅིང་། དགུང་ལོ་༨༥ ཡིན་པའི་ Navi Pillay ལགས་ནི་ལྷོ་ཨ་ཧྥི་རི་ཀའི་ཁྲིམས་དཔོན་ཞིག་ཡིན་པ་དང་། རུ་ཝན་ཌའི་རྒྱལ་སྤྱིའི་ཉེས་ཁྲིམས་ཁྲིམས་ཁང་དང་ ICC སོགས་རྒྱལ་སྤྱིའི་ཁྲིམས་ཁང་ཁག་ཏུ་ཕྱག་ལས་གནང་མྱོང་ཡོད་ཅིང་། ཁོང་གིས་ཞི་བདེ་དང་རྒྱལ་སྤྱིའི་ཁྲིམས་ལུགས་དར་སྤེལ་གྱི་ལས་འགུལ་ལ་ཆེ་མཐོང་གནང་བར་བྱ་དགའ་འདི་ཕུལ་བ་ཡིན་པ་ནོ་སྦེལ་གཟེགས་རྟགས་ཚོགས་པས་གསུངས་འདུག
ནོ་བེལ་ཚོགས་པས། ད་ལྟ་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཁྲིམས་ཁང་གི་ལམ་ལུགས་ལ་གནོན་ཤུགས་ཆེན་པོ་འཕྲད་བཞིན་ཡོད་པས། བྱ་དགའ་འདིས་ཁྲིམས་དང་དྲང་བདེན་ལ་གཞི་བཞག་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་བ་མངོན་པར་བྱས་ཡོད་ཅེས་གསུངས་འདུག
ན་ཝི་པི་ལེ་ལགས་ནི་ལྷོ་ཨཧྥ་རི་ཀའི་ནང་གི་རྒྱ་གར་ཏ་མིལ་མི་རིགས་ཤིག་དང་ལྷོ་ཨཧྥ་རི་ཀའི་མཐོ་རིམ་ཁྲིམས་ཁང་ (High Court) དུ་མི་རིགས་དཀར་པོ་མིན་པའི་བེུད་ཀྱི་ཁྲིམས་དཔོན་དང་པོ་དེ་ཡིན་ཞིང་། ༢༠༠༨ ནས་ ༢༠༡༤ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་གྱི་འགན་འཁུར་གནང་ཡོད་པ་རེད།།
ཁ་སྣོན་གསར་འགོད། སྒྲོལ་དཀར།
