ཉེ་ཆར་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་བོད་རང་སྐྱོང་ལྗོངས་ཀྱི་ 《ཆོས་ལུགས་ལས་དོན་གྱི་སྒྲིག་གཞི་》 ཟེར་བའི་པར་གཞི་གསར་པ་ལག་བསྟར་བྱས་ཏེ། དགོན་སྡེ་དོ་དམ་དང་། སྤྲུལ་སྐུའི་ཡང་སྲིད། དྲ་རྒྱའི་བརྒྱུད་ལམ་ཐོག་གི་ཆོས་ལུགས་བྱེད་སྒོ་བཅས་ལ་དམ་དྲག་དང་ཚད་གཞི་ལྡན་པའི་བཅོས་སྒྲིག་བྱས་ཡོད་ཅིང་། ཕྱོགས་གཞན་ཞིག་ནས། རྒྱ་གཞུང་གི་ཤེས་ཡོན་ལྷན་ཁང་ཁག་གིས་རྒྱ་ནག་གིས་གཙོ་ཁྲིད་བྱས་པའི་བོད་རིག་པའི་ཤེས་བྱའི་མ་ལག་ཟེར་བ་ཞིག་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་དང་འབྲེལ་བའི་གླེང་ཕྱོགས་ཐོག་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་ཡོད་འདུག
བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་སྒྲིག་གཞི་གསར་པས་ཆོས་ལུགས་རྒྱ་ནག་ཅན་ཟེར་བར་བསྒྱུར་རྒྱུ་ནན་བཤད་བྱས་པ།
ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱས་པའི་ 《ཆོས་ལུགས་ལས་དོན་གྱི་སྒྲིག་གཞི་》 གསར་པ་ (ལེའུ་ ༡༠ དང་དོན་ཚན་ ༧༧ ཡོད་པ་) དེའི་ནང་། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་བྱ་རྒྱུ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ། དེ་བཞིན་རྒྱ་ནག་གི་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཟེར་བ་བཅས་དམིགས་ཡུལ་དུ་བཟུང་ཡོད་པ་དང་། ཡང་གཙོ་བོ་ནན་བརྗོད་བྱས་པ་ཁག་སྟེ།
སྤྲུལ་སྐུའི་ཡང་སྲིད་ཀྱི་དོ་དམ་བྱ་རྒྱུ་སྟེ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དེ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་གཞིར་བཟུང་སྒྲུབ་དགོས་པ་དང་། རྒྱ་ནག་གཞུང་གི་ཆོག་མཆན་མ་ཐོབ་པར་ངོས་འཛིན་ཞུ་མི་ཆོག ཡང་སྲིད་ངོས་འཛིན་གྱི་ལས་དོན་དེ་ཕྱི་ཕྱོགས་ཚོགས་པ་དང་མི་སྒེར་གྱི་ཐེ་ཇུས་དང་བཀོད་སྒྲིག་འོག་འགྲོ་མི་ཆོག་པ་བརྗོད་འདུག
དྲ་རྒྱའི་བརྒྱུད་ལམ་ཐོག་ལ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཕྱོགས། ཆོག་མཆན་ལག་ཁྱེར་མེད་པར་དྲ་རྒྱའི་ཐོག་ཆོས་སྤེལ་བ་དང་། གསུང་ཆོས་ཀྱི་ནང་དོན་སྤེལ་བ། དེ་བཞིན་དྲ་ལམ་ཐོག་ཐད་གཏོང་དང་བརྙན་བཟོས་ཟིན་པ་ཁག་ཁྱབ་སྤེལ་གྱི་ལམ་ནས་ཞལ་འདོན་གནང་བ་དང་། དབང་བསྐུར་བ། སྡོམ་པ་འབོག་པ་སོགས་ཀྱི་ཆོས་ལུགས་ཀྱི་ཆོ་ག་ཁག་ཁྱབ་སྤེལ་བྱེད་མི་ཆོག་ཅེས་བཀོད་ཡོད།
དགོན་སྡེའི་རྩིས་ཁྲ་དང་ཞལ་འདེབས། དགོན་སྡེ་ཁག་གིས་རྩིས་ཁྲ་ཡོངས་བསྒྲགས་ཀྱི་ལམ་ལུགས་བཙུགས་ཏེ་གཞུང་གི་ལྟ་རྟོག་དང་ལེན་བྱེད་དགོས་པ་མ་ཟད། ཕྱི་རྒྱལ་ནས་རྒྱ་སྒོར་ཁྲི་ ༡༠ ཡན་གྱི་ཞལ་འདེབས་ལེན་ཚེ། འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་དགོས་པ་བརྗོད་འདུག

བོད་ནང་ནས་རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་མི་སྣས་བརྗོད་པར། དགོན་པ་ཁག་ནང་དམ་དྲག་ཆེ་རུ་ཕྱིན་པའི་གནས་སྟངས་ཤིག་ནི་ད་ཆ་ལྷ་སར་མཚོན་ན། ཁྱིམ་ཚང་ནང་དགེ་འདུན་པ་ཞབས་བརྟན་ལ་གདན་འདྲེན་ཞུ་ཁག་པོ་དང་ཞབས་བརྟན་དུ་སྐྱོད་རྒྱུར་ཆོག་མཆན་ཞུ་དགོས་ཀྱི་ཡོད་པ། དགོན་པའི་ནང་ཆོས་ལུགས་དང་འབྲེལ་བའི་ཁྲིམས་གསར་བཟོ་བྱས་པ་ཁག་སློབ་སྦྱོང་བྱ་དགོས་པ། དེ་དང་མཉམ་དུ་གྲ་བཙུན་ཚོས་རྒྱ་སྐད་སློབ་སྦྱོང་གི་རྒྱ་སྐད་ཐོག་གཏམ་བཤད་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་པས། དགོན་པ་ཆབ་སྲིད་སློབ་སྦྱོང་བྱེད་ས་ལྟ་བུ་ཆགས་འདུག་ཅེས་བརྗོད་བྱུང་།
བོད་རིག་པའི་བགྲོ་གླེང་ཚོགས་འདུ་དང་ནུབ་ཕྱོགས་ཀྱི་གཏམ་བཤད་དབང་ཆ་སྒེར་སྡོམ་བྱས་པ་ཟེར་བ་འདི་གཏོར་ཐབས།
ཆོས་ལུགས་སྒྲིག་གཞི་གསར་པ་ལག་བསྟར་བྱས་པའི་རྗེས་སུ། ཕྱི་ཟླ་ ༦ ཚེས་ ༣ ཉིན་རྒྱ་ནག་གི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཙུགས་ཏེ་ལོ་ངོ་ ༤༠ འཁོར་བའི་དུས་ཚིགས་དང་བསྟུན་ནས། པེ་ཅིང་དུ་རྒྱ་ནག་གིས་གཙོ་ཁྲིད་བྱས་པའི་བོད་རིག་པ་ཞིབ་འཇུག་དང་རྒྱལ་ཁབ་ཀྱི་བོད་འབྲེལ་ཚད་མཐོའི་རིག་མཛོད་ལ་སྐུལ་འདེད་གཏོང་བ་ཟེར་བའི་བརྗོད་གཞིའི་ཐོག་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་འདུག
ཚོགས་འདུའི་ཐོག་གཙོ་བོ་ནུབ་ཕྱོགས་ཀྱིས་གཏམ་བཤད་དབང་ཆ་སྒེར་སྡོམ་བྱས་པ་འདི་གཏོར་དགོས་ཞེས་དང་། རྒྱ་ནག་གིས་གཙོ་ཁྲིད་བྱས་པའི་བོད་རིག་པའི་ཤེས་བྱའི་མ་ལག་ཟེར་བ་བསྐྲུན་ཏེ། རྒྱལ་སྤྱིའི་ཐོག་བོད་དོན་གླེང་སློང་བྱེད་སྐབས་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་གཏོང་དགོས་སྐོར་བརྗོད་འདུག
ཚོགས་འདུའི་ཐོག་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་གཞུང་གི་ཞིབ་འཇུག་ཚན་པའི་ནང་གི་མི་སྣས་ཡུན་རིང་ནས་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་དེ་ཡོ་རོབ་དང་ཨ་རིའི་ཤེས་ཡོན་ཅན་ཚོས་གཙོ་བོ་བཟུང་བར་བརྟེན། བོད་འདི་རྒྱ་ནག་ཏུ་ཡོད་རུང་། བོད་རིག་པ་ནུབ་ཕྱོགས་སུ་ཡོད་པའི་གནས་བབས་ཤིག་ཆགས་ཡོད་པས། ད་ལྟ་རྒྱ་ནག་གཞུང་གི་མཁས་དབང་ཚོས་ལོ་རྒྱུས་ལ་ཞིབ་འཇུག་དང་། གནའ་རྫས་རྟོག་ཞིབ། ཆོས་ལུགས་ལ་ཞིབ་འཇུག རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་བཅས་བྱས་པ་བརྒྱུད་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་གནས་སྟངས་ལ་འཛིན་པའི་ལྟ་བ་དེར་ཡང་བསྐྱར་གསར་བཟོ་བྱེད་དགོས་པའི་འདོད་ཚུལ་བཏོན་འདུག་ལ། རྒྱལ་སྤྱིའི་ནང་བོད་ཀྱི་གཏམ་བརྒྱུད་ཡག་པོ་བཤད་དགོས་ཞེས་བརྗོད་འདུག
མ་འོངས་པའི་ཁ་ཕྱོགས་དང་རྒྱལ་ཁབ་ཀྱི་བདེ་འཇགས།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་དོན་སྐོར་ལ་ཁ་ཕྱོགས་སྒྱུར་རྒྱུའི་འཆར་གཞི་ཁག་ཅིག་བཏོན་ཡོད་པའི་ནང་སྐད་རིགས་སྣ་མང་གི་དཔེ་སྐྲུན་སྟེགས་བུ་བསྐྲུན་རྒྱུ་དང་། རྒྱལ་སྤྱིའི་ཤེས་ཡོན་ཁྱབ་སྤེལ་རྒྱ་ཆེ་རུ་གཏོང་རྒྱུ། མིས་བཟོས་རིག་ནུས་བེད་སྤྱོད་བཏང་ནས་བོད་ཡིག་གི་ཡིག་ཆ་ཁག་ཕྱོགས་སྒྲིག་བྱ་རྒྱུ། དེ་བཞིན་བོད་དོན་གྱི་གྲངས་འཛིན་ཆེན་པོ་ (Big Data) དང་མིས་བཟོས་རིག་ནུས་ཀྱི་སྡིངས་ཆ་འཛུགས་རྒྱུ་བཅས་ཚུད་འདུག
ད་རེས་པེ་ཅིང་དུ་འཚོགས་པའི་ཚོགས་འདུ་འདིའི་ཐོག་བོད་རིག་པ་ཞིབ་འཇུག་ཟེར་བ་དེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་། མངའ་ཁོངས་བདག་དབང་སྲུང་སྐྱོབ། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་འཐབ་རྩོད་བཅས་དང་འབྲེལ་བ་ཡོད་པ་ཐེངས་མང་གླེང་ཡོད་པ་རེད།
གནད་དོན་དཔྱད་ཞིབ།
འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གསུངས་པར། རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་ཡིག་ཐོག་གི་གནས་ཚུལ་དང་བརྙན། པར་སོགས་རྒྱུ་ཆ་བསྡུ་རུབ་ཀྱིས་གྲངས་འཛིན་ཆེན་པོ་ཞིག་བཟོས་ཏེ་རྒྱ་ནག་གི་ལྟ་བ་འདི་བོད་དང་རྒྱ་ནག་ནང་ཁྱབ་སྤེལ་བྱེད་དང་མ་བྱེད་འདི་ཁོང་ཚོའི་འདོད་པ་ཡིན་རུང་། འཛམ་གླིང་ཁྱོན་ཡོངས་ནང་སྔར་ནས་ལོ་ངོ་དྲུག་ཅུ་བདུན་ཅུའི་ནང་ཁོང་ཚོའི་འདོད་པ་ནང་བཞིན་ཐོན་མེད་པར་ད་ཆ་མིས་བཟོས་རིག་ནུས་ཀྱིས་བཟོས་ཀྱང་ཧང་སངས་བའི་གྲུབ་འབྲས་ཐོན་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། འཛམ་གླིང་འདིའི་ཐོག་གནས་ཚུལ་རྫུན་མ་བཟོ་མཁན་དང་འཁྱོག་བཤད་བྱེད་མཁན་མང་པོ་ཡོད་ལ། དངོས་ཡོད་གནས་ཚུལ་དང་ཚད་ལྡན་བཟོ་མཁན་ཡང་མང་པོ་ཡོད་པས། མི་ཞིག་ལ་རང་དབང་ཐོབ་པ་ཡིན་ཚེ། དྲང་ཕྱོགས་འདི་གདམ་གྱི་རེད་ཅེས་གསུངས་བྱུང་།
དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་མུ་མཐུད་གསུངས་པར། འཛམ་གླིང་ནང་བོད་རིག་པའི་ཐོག་ནུབ་ཕྱོགས་ཀྱིས་དོ་སྣང་བྱེད་དོན་ནི་བོད་ཀྱི་ས་བབ་གྱི་གནས་སྟངས་དང་། སྤྱི་ཚོགས་ཀྱི་གནས་སྟངས། ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཡོད་པ་འདི་འཛམ་གླིང་མི་དམངས་ཀྱིས་ཧ་གོ་བ་ལ་བརྟེན་ནས་བོད་རིག་པའི་ཁྱབ་ཁོངས་འདི་ཡང་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་པས་མ་འོངས་པར་ཡང་དེ་ལྟར་རེད། མིས་བཟོས་རིག་ནུས་ཐོག་རྒྱ་ནག་གཅིག་པུ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་སུ་ཡར་རྒྱས་འགྲོ་རྒྱུ་ཡིན་དུས། མ་འོངས་པར་བོད་རིག་པའི་ཁྱབ་ཁོངས་སུ་བསམ་བློ་གསར་པ་དང་རྣམ་དཔྱོད་གསར་པ། རིག་གཞུང་རྙིང་པ་ལ་ཞིབ་འཇུག་བྱས་ཏེ་གྲུབ་དོན་གསར་པ་ཞིག་བཏོན་ཐུབ་ཀྱི་ཡོད་ན་མ་གཏོགས་བོད་རིག་པའི་ཚོགས་འདུའི་ཐོག་རྩོམ་ཤོག་གཅིག་ཀློག་པ་ཙམ་གྱིས་ནུས་པ་ཆེ་བ་ཐོན་གྱི་རེད་བསམ་གྱི་མི་འདུག སྤྱི་བཏང་དམར་ཤོག་གི་ལུང་པར་སྤྱི་ཚོགས་ཚན་རིག་ཁང་དང་འཐབ་ཕྱོགས་གཅིག་གྱུར་གྱིས་ཁོང་ཚོའི་ཁ་ཕྱོགས་དང་དམིགས་ཡུལ་འདིའི་ཐོག་ནས་སྡེ་ཚན་ཁག་ལ་སྟངས་འཛིན་ལམ་སྟོན་བྱེད་ཀྱི་ཡོད་པ་དང་། དེ་ཡང་གཙོ་བོ་ཆོས་ལུགས་དང་ལོ་རྒྱུས་ཐོག་དམིགས་ཀྱི་ཡོད། འོན་ཀྱང་འཛམ་གླིང་གི་འཕྲུལ་ཆས་ཡར་རྒྱས་མྱུར་པོ་ཡིན་དུས་ནུས་པ་ཇི་ཙམ་ཐོན་གྱི་ཡོད་མེད་ཞུ་ཐུབ་ཀྱི་མི་འདུག་ན་ཡང་གནས་སྐབས་ནུས་པ་ཐོན་སྲིད་པ་རེད་ཅེས་གསུངས་བྱུང་།
དཔྱད་ཞིབ་པ་ཚོས་ཉེ་བའི་ལོ་ཤས་རིང་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་རྣམ་པ་གཉིས་མངོན་གྱི་ཡོད་པ་སྟེ། ཕྱོགས་གཅིག་ནས་ཆོས་ལུགས་དང་། དྲ་རྒྱ། སྤྱི་ཚོགས་བཅས་ཀྱི་འཛིན་སྐྱོང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་ཤེས་ཡོན་གྱི་ཁྱབ་ཁོངས་སུ་ཞིབ་འཇུག་དང་། རྒྱལ་སྤྱིའི་ནང་རྒྱ་ནག་གི་ལངས་ཕྱོགས་ཁྱབ་སྤེལ་སོགས་བརྒྱུད་ནས། རྒྱལ་སྤྱིའི་ཐོག་བོད་དོན་གླེང་སྐབས་རང་ཉིད་ལ་སྐད་ཆ་བཤང་པའི་དབང་ཆ་དང་འགྲེལ་བརྗོད་བྱེད་པའི་དབང་ཆ་ཆེན་པོ་ཐོབ་ཐབས་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་མཁན་འདུག
འོན་ཀྱང་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་རྒྱུ་ཟེར་བ་དེ་དྲིལ་བསྒྲགས་ཀྱི་ལས་དོན་ཙམ་མ་ཡིན་པར། མི་རིགས་ཀྱི་སྲིད་ཇུས་དང་། རྒྱལ་སྤྱིའི་ཐོག་ཁྱབ་སྤེལ། དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ཀྱི་སྤྱི་ཡོངས་ཀྱི་འཐབ་བྱུས་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པར་བརྗོད་ཀྱི་ཡོད།།
