མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ།

ཨ་རི་དང་རྒྱལ་སྤྱིའི་ཚོགས་སྡེ་ཁང་གིས་མཆོག་སྤྲུལ་རྡོ་རྗེ་བརྟན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་པ།

རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་འབོད་སྐུལ་།

ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (USCIRF) ཀྱིས་ཆོས་ལུགས་ཀྱི་བཙོན་པའི་ལོ་རྒྱུས་ཁོངས་སུ་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གློད་བཀྲོལ་བྱུང་མེད་པ་དང་། གར་སོང་ཆ་མེད་དུ་གྱུར་བའི་ཐོ་གཞུང་ནང་བཀོད་འདུག

དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཡིག་ཐོག་ནས་གསལ་བཤད་གནང་པའི་ནང་། ལྷན་ཚོགས་དེའི་འགན་འཛིན་ཚོགས་མི་ཇིན་མིལསི་(Gene Mills) ལགས་ཀྱིས་ “ལོ་སྔོན་མའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་གཞུང་གིས་ཁོང་བཙན་ཤེད་ཀྱིས་གར་སོང་ཆ་མེད་དུ་བཏང་རྗེས་ལྷན་ཚོགས་ནས་ད་བར་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་གཟུགས་བདེ་ཐང་ངང་ཡོད་མེད་སྐོར་ལ་གནས་ཚུལ་ཁ་སྣོན་གང་ཡང་ཐོབ་མེད། ཡང་ཆོས་ལུགས་རང་དབང་གི་གནད་དོན་ཐོག་ནས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གྱི་གནས་ཚུལ་དེ་གལ་ཆེན་པོ་ཆགས་ཡོད་པའི་རྒྱུ་མཚན་ནི་ཁོང་བཙན་ཤེད་ཀྱིས་གར་སོང་ཆ་མེད་དུ་གྱུར་བ་དེས་རྒྱ་ནག་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་ཆོས་བརྒྱུད་ཁག་དང་དབུ་ཁྲིད་ཚོར་མུ་མཐུད་དམ་དྲག་བྱེད་བཞིན་ཡོད་པ་གསལ་སྟོན་བྱས་ཀྱི་ཡོད། བོད་ཀྱི་གནད་དོན་དེ་རྒྱ་ནག་གྱི་མངའ་ཁོངས་ཡོངས་སུ་ཆོས་ལུགས་ལ་ཚོད་འཛིན་བྱེད་པའི་གཞུང་གིས་འབད་བརྩོན་གཞི་རྒྱ་ཆེ་བའི་ཆ་ཤས་ཤིག་ཡིན་པས་ནང་པ་དང་ཡི་ཤུ། ཁ་ཆེ་སོགས་མི་མང་པོར་ཤུགས་རྐྱེན་ཐེབས་ཡོད།”ཅེས་བཀོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས།
ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས། ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས། (USCIRF)

ཡང་འདི་ག་རླུང་འཕྲིན་ཁང་གིས་ལྷན་ཚོགས་ངོས་ནས་ཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གྱོད་གཞིའི་ཐད་རྒྱ་ནག་གཞུང་ལ་དགོས་འདུན་དང་འབོད་སྐུལ་བྱེད་ཀྱི་ཡོད་དམ་ཞེས་བཀའ་དྲི་ཞུས་པར། ལྷན་ཚོགས་ཀྱིས་ཨ་རིའི་གཞུང་དང་སྲིད་འཛིན། དེ་བཞིན་ཕྱི་སྲིད་དྲུང་ཆེ་དང་གྲོས་ཚོགས་བཅས་ལ་མ་གཏོགས་ཕྱི་རྒྱལ་གྱི་གཞུང་ལ་གྲོས་འཆར་འདོན་སྲོལ་མེད་པ་གསལ་བཤད་གནང་བྱུང་། འོན་ཀྱང་ལྷན་ཚོགས་ཀྱི་ལས་འགན་གཞིར་བཞག་པའི་ཐོག་ནས་ཨ་རིའི་སྲིད་གཞུང་གིས་དབང་ཆ་ཡོད་ཚད་བེད་སྤྱད་ནས་དེའི་ནང་སྲིད་འཛིན་ཌོ་ནལཌ་ཊམཔ་དང་ཡང་ན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརནསི་ལགས་ཀྱིས་ཐད་ཀར་ཐེ་གཏོགས་བྱས་ནས་ཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་དང་རྒྱ་ནག་གི་ཆོས་ལུགས་བཙན་གནོན་འོག་ཚུད་པའི་བཙོན་པ་གཞན་མང་པོ་ཡོད་པ་རྣམས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་མུ་མཐུད་དུ་བྱེད་བཞིན་ཡོད་པ་གསལ་བཤད་གནང་བྱུང་།

ད་དུང་ལྷན་ཚོགས་ནས་ཨ་རིའི་གཞུང་ལ་རྒྱ་ནག་གཞུང་གིས་བོད་རིགས་ནང་པ་དང་ཡུ་གུར་ཁ་ཆེ། ཡི་ཤུ་གསར་མ་བ་ (Protestant) དང་ཡི་ཤུ་རྣམ་དག་ཆོས་ལུགས་ (Catholic) ཉམས་བཞེས་པར་དྲག་གནོན་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་དང་། གལ་ཏེ་རྒྱ་ནག་གིས་དེ་ལྟར་བྱེད་མ་ཐུབ་ན། ཆོས་ལུགས་རང་དབང་ལ་གཏོར་བརླག་ཚབས་ཆེན་བཟོ་མཁན་གྱི་འགོ་ཁྲིད་ཚོར་གཞུང་འབྲེལ་ཉེས་ཆེད་འགེལ་དགོས་པའི་སྐུལ་མ་གནང་གི་ཡོད་སྐོར་བརྗོད་བྱུང་།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཞུ་གཏུག་ལས་འགུལ་།
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཞུ་གཏུག་ལས་འགུལ་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཞུ་གཏུག་ལས་འགུལ་། (Amnesty International)

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཞུ་གཏུག་ལས་འགུལ་།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ (Amnesty International) མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་བཅས་ཞི་བའི་སྒོ་ནས་སྲུང་སྐྱོབ་བྱེད་མཁན་རྣམས་མི་རིགས་མཐུན་སྒྲིལ་ལ་ཉེན་ཁ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པའི་འགྲེལ་བརྗོད་གནང་པ་དང་འབྲེལ། རྒྱ་ནག་དབང་འཛིན་པ་ཚོས་ད་བར་མཆོག་སྤྲུལ་རིན་པོ་ཆེ་གང་དུ་བཀག་ཉར་བྱས་ཡོད་མེད་དང་། བཀག་ཉར་བྱེད་པའི་ཁྲིམས་མཐུན་གྱི་གཞི་རྩ། ཁྲིམས་རྩོད་པ་འདེམས་སྒྲུག་བྱེད་པའི་ཐོབ་ཐང་དང་། གཞན་ཡང་ནང་མི་དང་འབྲེལ་བ་བྱེད་པའི་ཐོབ་ཐང་ཡོད་མེད་སོགས་ཕྱིར་བསྒྲགས་རྩ་བ་ནས་བྱས་མེད་པར་སྐྱོན་བརྗོད་གནང་བ་དང་ཆབས་གཅིག་མཆོག་སྤྲུལ་མཆོག་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་ཞུ་གཏུག་ལས་འགུལ་གནང་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཞུ་སྐུལ།

ཕྱི་ཟླ་ ༩ ཚེས་ ༧ ནས་ཟླ་ ༡༠ ཚེས་ ༧ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་འདུ་ཐེངས་ ༦༣ པ་དེ་ཇི་ནི་ཝར་འཚོགས་ཡོད་པ་དང་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་གྱི་ཚོགས་འདུ་ཐེངས་ ༡༢ པའི་ཐོག་ཧེལ་སིན་ཀི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཚོགས་པའི་མཚན་ཐོག་ནས་ཀའེ་མུ་ལར་ལགས་ཀྱིས་སྐབས་དེར་མཆོག་སྤྲུལ་རྡོ་རྗེ་བརྟན་རིན་པོ་ཆེའི་གནད་དོན་དེ་གསལ་སྟོན་གནང་ཡོད་པ་རེད། ཁོང་གིས་ཟླ་བ་དགུའི་རྗེས་སུ་ཡིན་ཡང་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་ནང་མི་ཚོར་ཁོང་གི་གནས་ཡུལ་དང་། ཉེས་འཛུགས། ཁྲིམས་ཐོག་གི་གནས་བབ་བཅས་ཀྱི་གནས་ཚུལ་གང་ཡང་ཐོབ་མེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།།

མཆོག་སྤྲུལ་རྡོ་རྗེ་བརྟན་རིན་པོ་ཆེའི་རྣམ་ཐར་རགས་བསྡུས།

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ནི་ཕྱི་ལོ་ ༡༩༦༧ ལོའི་བོད་ཟླ་ ༡༠ ཚེས་ ༢༥ ཉིན་ཨ་སྐྱོང་ཁང་སར་སྨིན་ཐང་དུ་སྐུ་འཁྲུངས་པ་དང་། ༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་སོགས་དམ་པ་དུ་མའི་ཞབས་པད་གཙུག་ཏུ་བཀུར་ནས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་བླ་མེད་གནང་ཡོད་ཅིང་། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སྡོམ་བརྩོན་སྡེ་སྣོད་འཛིན་པའི་མཁན་པོའི་ལག་འཁྱེར་ཐོབ་པ་དང་། གཞི་ཆེན་དབོན་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་དང་། གཞི་ཆེན་བེ་རོ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་ཟུང་གིས་གཞི་ཆེན་མཆོག་སྤྲུལ་མགོ་སེར་མཁྱེན་རབ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་ཡོད་པ་རེད།

ཁོང་ནི་གཉན་པོ་གཡུ་རྩེའི་སློབ་ཆུང་གི་སློབ་གཙོ་དང་། རྨ་གཡང་ལྷ་མཁར་ཕྱུག་མོའི་གེ་སར་རིག་གནས་རྒྱུད་སྤེལ་ལྟེ་གནས་ཀྱི་ཚོགས་གཙོ། རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ། བཙུན་དགོན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་གི་དགོན་བདག སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་ཙམ་མ་ཟད། དམངས་གཙོ་དོ་དམ་ཁང་གི་འགན་འཛིན་དང་། ཤར་བླ་རུང་ཉམས་རྟོགས་རང་ཤར་གླིང་གི་གླིང་གཙོ། གཅིག་སྒྲིལ་རྫོང་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ། མཚོ་སྔོན་ཞིང་ཆེན་གཉན་པོ་གཡུ་རྩེ་དགེ་ལས་ཐེབས་རྩ་ཚོགས་པའི་ཚོགས་གཙོ་སོགས་ཀྱི་འགན་བཞེས་མྱོང་ཡོད་པ་རེད།།

འབྲེལ་ཡོད་གནས་ཚུལ།

བོད་དང་རྒྱ་ནག་ནང་དུ་ཆོས་ལུགས་ཀྱི་བྱེད་སྒོར་ལྟ་སྲུང་ནན་དུ་བཏང་པ།

“ཊམཔ་དང་ཞིའི་དབར་གྲོས་མོལ་སྐབས་བོད་ནང་གི་ཆོས་དད་རང་དབང་ཐད་གླེང་བའི་གོ་སྐབས་ཡོད།"

རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཐེར་འདོན་གནང་འདུག

ཆོས་དད་དང་འབྲེལ་བའི་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་བ་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་འབོད་སྐུལ་གནང་འདུག