༧གོང་ས་མཆོག་བཞུགས་སྒར་ནས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་པ་དང་ཞབས་པུས་འཕྲོད་བཞེས་གནང་རྒྱུ།

༧སྐུའི་ཞབས་པུས་གཡོན་མར་སྨན་བཅོས་སླད་བཞུགས་སྒར་རྡ་རམ་ས་ལ་ནས་ལྡི་ལིར་ཆིབས་སྒྱུར་བསྐྱངས་གནང་མཛད་སོང་།

ཟླ་ ༦ ཚེས་ ༥ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུའི་ཞབས་པུས་གཡོན་མར་སྨན་བཅོས་སླད་བཞུགས་སྒར་རྡ་རམ་ས་ལ་ནས་ལྡི་ལིར་ཆིབས་སྒྱུར་བསྐྱངས་གནང་མཛད་སོང་།

ཐེངས་འདིར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་སྨན་བཅོས་ཆེད་ཆིབས་ཞལ་བསྒྱུར་གནང་མཛད་པ་དང་འབྲེལ། དད་ལྡན་པ་ཁག་ཅིག་གིས་༧སྐུའི་ཞབས་པུས་ཀྱི་སྨན་བཅོས་ལམ་ལྷོང་ལྡན་པ་འབྱུང་ཞིང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་ཡི་འདུག

ལྡི་ལིར་༧སྐུའི་ཞབས་པུས་འཕྲོད་བཞེས་གནང་སྟེ་ལ་དྭགས་སུ་ཆིབས་སྒྱུར་གྱི་མཛད་འཆར་ཡོད་པ་རེད།
༧གོང་ས་མཆོག་གྷ་གྷལ་གནམ་ཐང་ནས་ལྡི་ལིར་ཆིབས་སྒྱུར་གནང་པ། ༢༠༢༦།༦།༥ ལྡི་ལིར་༧སྐུའི་ཞབས་པུས་འཕྲོད་བཞེས་གནང་སྟེ་ལ་དྭགས་སུ་ཆིབས་སྒྱུར་གྱི་མཛད་འཆར་ཡོད་པ་རེད། (RFA Tibetan)

དེ་ཡང་ཚེ་རིང་སྒྲོལ་མ་ལགས་ཀྱིས་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། སྔར་ལྷག་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་གསུང་གི་འདུག་ལ། ཞྭ་ལུ་དགོན་པ་ནས་ཡིན་པའི་གྲྭ་རྣམ་རྒྱལ་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་མྱུར་དུ་དྲག་སྐྱེད་འབྱུང་བ་དང་། བོད་དུ་ཆིབས་སྒྱུར་༧ཞབས་སོར་འཁོད་ཐུབ་པའི་སྨོན་འདུན་ཞུ་ཡི་འདུག ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས། ༧གོང་ས་མཆོག་གི་ཞབས་པུས་གཅིག་དྭངས་སྐྱེད་ཡག་པོ་ཆགས་ཟིན་པས་ད་ཆ་ཞབས་པུས་གཞན་དེ་འཕྲོད་བཞེས་སྨན་བཅོས་གནང་རྗེས་དྭངས་སྐྱེད་གང་མྱུར་ཐུབ་སྟེ་གང་དུ་སྐུ་བཞུགས་མཛད་ཀྱང་སྐུ་ལྷོད་ལྷོད་ཡོང་ཞིང་། བོད་མི་ཚོའི་བླ་ན་མེད་པའི་དབུ་ཁྲིད་ཡིན་དུས་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིནཞེས་གསུང་གི་འདུག་ལ། སྒྲོལ་མ་དབྱངས་འཛོམས་ལགས་ཀྱིས། སྐུ་མདུན་གྱི་ཞབས་པུས་སྨན་བཅོས་ལམ་ལྷོངས་ཡོང་ཞིང་སྐུ་ཚེ་ཁྲི་ཁྲག་བར་དུ་བརྟན་པའི་སྨོན་འདུན་ཞུས་སོང་།

དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཟླ་ ༦ ཚེས་ ༤ ཉིན་གསལ་བསྒྲགས་བསྐྱངས་གནང་བ་ལྟར་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་གྲུབ་སྟེ་དྲག་སྐྱེད་ཟིན་མཚམས། ཕྱི་ཟླ་དྲུག་པའི་ཟླ་མཇུག་ཙམ་ལ་ལ་དྭགས་སུ་ཆིབས་བསྒྱུར་གྱིས་བཞུགས་གཏན་འཁེལ་ཡོད་པ་རེད་འདུག

རྩ་བའི་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༨ ཉིན་ཨ་རིའི་ནིའུ་ཡོག་གི་ (Hospital of special surgery) ཞེས་དམིགས་བསལ་གཤགས་བཅོས་སྨན་ཁང་རྩེ་ཕུད་གྲས་ཡིན་པ་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞབས་པུས་སྨན་བཅོས་གནང་ཡོད་པ་དང་། སྨན་བཅོས་གྲུབ་པའི་རྗེས་འབྲེལ་ཡོད་ཀྱི་སྨན་པ་དང་བླ་སྨན་པ་རྣམ་གཉིས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཤགས་བཅོས་ཀྱི་རྗེས་སུ་ཉིན་རེ་ནས་ཉིན་རེ་ཇེ་ལེགས་སུ་ཕེབས་ཀྱི་ཡོད་པ་དང་། ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་ཅེས་གསལ་བསྒྲགས་གནང་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།