ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་ཅན་དུ་བསྒྱུར་བའི་ལས་འགུལ་ཆེན་པོ་ལྔ་ཐེར་འདོན་བྱས་འདུག

བོད་ནང་འཆར་གཞི་མང་པོ་ཞིག་ཁྲིམས་ཀྱི་ངོ་བོར་བསྒྱུར་ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པ་གསལ་པོ་ཆགས་ཡོད་སྐོར་གསུངས་པ།

བོད་ནང་འཆར་གཞི་མང་པོ་ཞིག་ཁྲིམས་ཀྱི་ངོ་བོར་བསྒྱུར་ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པ་གསལ་པོ་ཆགས་ཡོད་སྐོར་གསུངས་པ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ ༢༠༢༥ ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སྟེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཇེ་སྡུག་ཏུ་བཏང་པ་ལས་ཡར་རྒྱས་ཀྱི་རྣམ་པ་རྩ་ནས་མེད་པ་གསལ་པོ་ཡིན་ཞིང་། དམིགས་བསལ་འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བའི་སྲིད་བྱུས་དང་ལས་འགུལ། འཆར་གཞི་མང་པོ་ཞིག་ཁྲིམས་ཀྱི་ངོ་བོར་བསྒྱུར་ནས་ལག་བསྟར་བྱེད་བཞིན་པ་གསལ་པོ་ཆགས་ཡོད་ཅེས་ལྟེ་གནས་ཁང་དེའི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་ཨེ་ཤེ་ཡ་རང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༤ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ཕྱི་ལོ་ ༢༠༢༥ ལོའི་ལོ་འཁོར་སྙན་ཐོ་དང་། བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་འདོན་སྤེལ་གྱིས། འདས་ལོ་ ༢༠༢༥ ནི་ཉེ་དུས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན་པ་གསལ་བཏོན་གནང་སོང་།

དེ་ཡང་བོད་ནང་གི་ཆོས་དད་རང་དབང་གི་སྙན་ཐོ་ལས། ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བའི་ལས་འགུལ་ཆེན་པོ་ལྔ་གསལ་སྟོན་ཐུབ་པ་བྱུང་ཡོད་པ་ནི། ཐེངས་འདིའི་སྙན་ཐོའི་གྲུབ་དོན་གཙོ་བོ་ཡིན་པ། ལྟེ་གནས་ཁང་གི་བོད་ཡིག་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས་གསུངས་བྱུང་།

ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། ད་ལྟའི་ཆར་ཆོས་ལུགས་”ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་བྱུས་”དེ་ནི་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་དང་རིས་མེད་དགོན་སྡེ་ཁག་གི་དཀའ་ངལ་ཆེ་ཤོས་ཆགས་ཡོད་དེ། སྲིད་བྱུས་དེར་བརྟེན་རྒྱ་ནག་གཞུང་གིས་བོད་ནང་ལས་འགུལ་སྣ་མང་སྤེལ་ཏེ་བོད་ཀྱི་དགོན་སྡེ་ཁག་དང་། གྲྭ་བཙུན་སྒེར། དད་ལྡན་མི་མང་ཚང་མར་རྒྱུན་ལྡན་དགོས་ངེས་ཀྱི་ཆོས་དད་རང་དབང་ལ་ལོངས་སུ་སྤྱོད་རྒྱུ་དང་། དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ལ་བསླབ་པ་སློབ་གཉེར་ཚད་ལྡན་བྱ་རྒྱུར་སྲིད་བྱུས་དེས་ཕྱོགས་གང་སྤྱིའི་ཐད་འགལ་རྐྱེན་དང་དཀའ་ངལ་ཅན་དུ་གྱུར་ཡོད་པ་གསུང་གི་འདུག

ལོ་འཁོར་སྙན་ཐོ་འདིའི་ནང་བོད་ནང་དུ་འཆར་གཞི་ལྡན་པའི་ངང་སྲིད་བྱུས་གཏན་འབེབས་ཀྱི་འོག་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་གསུངས་སོང་།
བོད་ནང་གི་གནས་སྟངས་གསལ་བའི་ལོ་འཁོར་སྙན་ཐོ། ལོ་འཁོར་སྙན་ཐོ་འདིའི་ནང་བོད་ནང་དུ་འཆར་གཞི་ལྡན་པའི་ངང་སྲིད་བྱུས་གཏན་འབེབས་ཀྱི་འོག་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་གསུངས་སོང་། (RFA Tibetan)

ཆོས་དད་རང་དབང་གི་སྙན་ཐོའི་ནང་འཁོད་པའི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལས་འགུལ་ཆེན་པོ་ལྔ་ནི། སྲིད་ཇུས་དང་ཆབ་སྲིད་སློབ་སྦྱོང་གི་ལས་འགུལ། དགོན་སྡེའི་ལས་སྣེ་གསོ་སྦྱོང་གི་ལས་འགུལ། རྒྱ་ནག་ནང་ལྟ་སྐོར་བཀོད་སྒྲིག་གི་ལས་འགུལ། གྲྭ་བཙུན་ཚོར་རྒྱ་ཡིག་བཙན་ཁྲིད་ཀྱི་ལས་འགུལ། ཆོས་ལུགས་ཀྱི་དུས་ཆེན་བཀག་སྡོམ་གྱི་ལས་འགུལ་བཅས་ཡིན་པ་གསལ་སྟོན་བྱས་འདུག

ཕྱི་ལོ་ ༢༠༢༥ ཡི་ལོ་འཁོར་སྙན་ཐོའི་ནང་བོད་ནང་གི་ཆོས་དད་རང་དབང་གཙོ་བོར་གྱུར་བའི་ཤེས་ཡོན་སློབ་གསོ་དང་སྐད་ཡིག་ཐོབ་ཐང་། གང་བྱུང་འཛིན་བཟུང་བཀག་ཉར་དང་མནར་གཅོད། ཞི་བའི་འདུ་འཛོམས་ཀྱི་རང་དབང་། རྒྱལ་མཚམས་བརྒལ་བའི་བཙན་གནོན་བཅས་ཀྱི་གནད་དོན་སྐོར་འཁོད་འདུག་ཅིང་། འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱི་ཐེངས་འདིའི་སྙན་ཐོའི་ནང་གི་གནད་དོན་གཙོ་བོ་ཞིག་ནི་རྒྱ་ནག་གཞུང་གི་རྒྱལ་མཚམས་བརྒལ་བའི་བཙན་གནོན་ཇེ་ཆེར་གཏོང་བཞིན་པ་དེ་ཡིན་པས། དེས་བཙན་བྱོལ་ནང་ཡོད་པའི་བོད་པའི་ཆོས་ལུགས་མི་སྣ་དང་ལུས་འགུལ་བ་ཚོར་སྔར་ལྷག་ཉེན་ཁ་དང་སེམས་འཚབ་བཟོས་ཡོད་པ་གསུང་གི་འདུག

ཐེངས་འདིའི་སྙན་ཐོ་དེ་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་ལོ་འཁོར་སྙན་ཐོ་འདོན་ཐེངས་༣༠ པ་དེ་ཆགས་ཀྱི་འདུག་ཅིང་། སྙན་ཐོ་དེ་བཞིན་འདོན་སྤེལ་བརྒྱུད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཆེད། རང་དབང་ཅན་གྱི་ཞིབ་འཇུག་པ་དང་གསར་འགོད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མཁས་པ་བཅས་བཀག་སྡོམ་མེད་པར་རང་དབང་ཐོག་ནས་འགྲོ་བསྐྱོད་འཇུག་དགོས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་འགན་འཁུར་ཡོད་པའི་ཐོག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ལྷག་པར་བོད་ནང་གོ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འགན་འཁུར་དགོས་པའི་འབོད་སྐུལ་ཞུས་སོང་།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།