མདོ་སྨད་ཁུལ་ས་ཡོམ་རིམ་པ་ ༦.༣ བརྒྱབ་སྟེ་མི་གཅིག་རྐྱེན་འདས་དང་བཞི་ལ་རྨས་སྐྱོན་ཕོག་འདུག

ས་ཡོམ་བྱུང་ཡུལ་ནས་མཚོ་སྔོན་གྱི་གྲོང་ཁྱེར་ཆེ་ཤོས་ཟི་ལིང་བར་རྒྱང་ཐག་ཁེ་ལོ་མི་ཊར་ ༥༧༩ ཙམ་ཡོད་པ་ཨ་རིའི་ས་གཞི་དཔྱད་རིག་སྡེ་ཚན་གྱིས་བརྗོད་འདུག

བོད་ཀྱི་མདོ་སྨད་ཁུལ་ས་ཡོམ་རིམ་པ་ ༦.༣ བརྒྱབ་ཡོད་པ་ཨ་རིའི་ས་གཞི་དཔྱད་རིག་སྡེ་ཚན་གྱིས་བརྗོད་འདུག་ལ། ས་ཡོམ་དེའི་ནང་མི་གཅིག་རྐྱེན་འདས་དང་བཞི་ལ་རྨས་སྐྱོན་ཕོག་ཡོད་འདུག

ཕྱི་ཟླ་ ༦ ཚེས་ ༡༦ དང་རེས་གཟའ་མིག་དམར་ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ས་ཁུལ་ནང་ས་ཡོམ་རིམ་པ་ ༦.༣ བྱས་པ་ཞིག་བརྒྱབ་སྟེ་ད་བར་མི་གཅིག་རྐྱེན་འདས་དང་མི་བཞི་ལ་རྨས་སྐྱོན་ཕོག་ཡོད་སྐོར་ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་ས་ཡོམ་ལྟ་ཞིབ་ལྟེ་གནས་ཁང་གིས་བརྗོད་པར། ས་ཡོམ་དེ་ནི་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་ ༥:༠༦ ཐོག་ས་འོག་སྤྱི་ལེ་ ༡༠ ཡི་མཚམས་སུ་བརྒྱབ་ཡོད་པ་དང་། ས་ཡོམ་ལྟེ་བ་གནས་ས་དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་མེ་ཊར་ ༤༣༠༠ ཙམ་ཡོད་པའི་མི་འབོར་ཉུང་བའི་ས་ཁུལ་ཞིག་ཡིན་པ་བརྗོད་འདུག

ད་རེས་ས་ཡོམ་འདིའི་ལྟེ་གནས་མཚོ་ནུབ་ཁུལ་གྱི་འདམ་ཆེ་བའི་ས་གནས་སུ་ཛ་དྲག་གི་མྱུར་སྐྱོབ་དང་གནོད་སྐྱོན་རྟོག་ཞིབ་ཀྱི་ལས་དོན་མུ་མཐུད་སྤེལ་བཞིན་ཡོད་པ་བརྗོད་འདུག་ལ། སྤྱི་ཚོགས་དྲ་ལམ་ཐོག་གི་བརྙན་ནང་ཁང་པའི་གྱང་གད་པ་དང་ལམ་ཆེན་ཐོག་སེར་ཁ་ཆེན་པོ་ཡོད་པ་མཐོང་རྒྱུ་འདུག་ལ། མང་ཚོགས་མྱུར་སྐྱོབ་གྱི་གུར་ནང་ཡོད་པ་སོགས་མཐོང་རྒྱུ་འདུག ས་ཡོམ་ཆེན་པོ་འདི་ཐོན་པའི་རྗེས་སུ་འགུལ་ལྷག་ཐེངས་ཁ་ཤས་ཐོན་འདུག་ལ། ས་ཡོམ་ཐོན་ཡུལ་ནས་ཉེ་འགྲམ་གྱི་རྡོ་སོལ་གཏེར་ཁ་བཏོན་མཁན་ལས་མི་རྣམས་ཀྱང་སྔོན་འགོག་གི་ཚུལ་དུ་ས་གནས་གཞན་ལ་གནས་སྤོ་བྱས་ཡོད་པ་དང་། དེ་མིན་གནོད་འཚེ་ཇི་ཙམ་བྱུང་མིན་རྒྱ་ནག་གཞུང་གིས་ཁ་གསལ་བརྗོད་མི་འདུག ས་ཡོམ་བྱུང་ཡུལ་ནས་མཚོ་སྔོན་གྱི་གྲོང་ཁྱེར་ཆེ་ཤོས་ཟི་ལིང་བར་རྒྱང་ཐག་ཀི་ལོ་མི་ཊར་ ༥༧༩ ཙམ་ཡོད་པ་ཨ་རིའི་ས་གཞི་དཔྱད་རིག་སྡེ་ཚན་གྱིས་བརྗོད་འདུག

ཁ་སྣོན་གསར་འགོད། བཀྲ་དབང་།