༸སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་བལ་བོ་རྒྱལ་ཁབ་ནང་དགོངས་པ་གཞན་དོན་དུ་གཤེགས་ཡོད་པ།

2023.06.08
༸སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་བལ་བོ་རྒྱལ་ཁབ་ནང་དགོངས་པ་གཞན་དོན་དུ་གཤེགས་ཡོད་པ། ༸སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་ཀརྨ་བློ་གྲོས་ལུང་རིགས་སྨྲ་བའི་སེང་གེ་མཆོག།
Thrangu Rinpoche’s website

དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཡོངས་འཛིན་དུ་བསྟེན་པ།༸སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་ཀརྨ་བློ་གྲོས་ལུང་རིགས་སྨྲ་བའི་སེང་གེ་མཆོག། དགུང་ལོ་༩༡ཐོག་འདི་ལོ་སྤྱི་ཟླ་༦པའི་ཚེས་༤་ས་ག་ཟླ་བའི་ཚེས་༡༥ཉིན་མོར། བལ་བོ་རྒྱལ་ཁབ་ཀྱི་གནས་མཆོག་སྟག་མོ་ལུས་སྦྱིན་དུ་དགོངས་པ་གཞན་དོན་ལ་ཕེབས་ཡོད་ནའང་། ༸རྒྱལ་དབང་མཆོག་གི་བཀའ་དགོངས་བཞིན་དང་ལྷག་པར་༸སྐྱབས་རྗེ་རིན་པོ་ཆེ་ཐུགས་དམ་དུ་བཞུགས་པར་བརྟེན། ཉིན་ཤས་རིང་དྲ་ལམ་དུ་གསལ་བསྒྲགས་མ་གནང་བར་ཁུ་སིམ་དུ་བཞུགས་ཡོད་པ་དང་། སྤྱི་ཟླ་༦པའི་ཚེས་༨ཉིན་ཐུགས་དམ་གྲོལ་བ་དང་བསྟུན་ཡོངས་བསྒྲགས་གནང་ཡོད་པ། ཁྲ་འགུ་དགོན་ཁག་གི་བསྟན་པའི་བདག་པོ་ཆོས་རྗེ་བླ་མ་དབང་ཕྱུག་སྟོབས་ལྡན་རིན་པོ་ཆེ་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་ནི་སྦག་ས་ཆོས་སྒར་དུ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཏེ་མཁས་པའི་གོ་འཕང་མཐོན་པོར་ཕེབས་པ་མ་ཟད། ༸རྒྱལ་དབང་༸ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་ནས་མཁན་ཆེན་གྱི་མཚན་གནས་ཀྱང་ཕུལ་བ་བརྒྱུད། ཞྭ་དམར་རིན་པོ་ཆེ་དང་སི་ཏུ་རིན་པོ་ཆེ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་རྒྱལ་ཚབ་རིན་པོ་ཆེ་སོགས་ཀྱི་དགེ་རྒན་གནང་མྱོང་བའི་ཁར། སྤྱི་ལོ་༢༠༠༠ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་བཀའ་ཕེབས་ཀྱི་དགོངས་དོན་བཞིན། དཔལ་༸རྒྱལ་དབང་༸ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་གི་ཡོངས་འཛིན་དུ་བསྟེན་པ་སོགས། ཆོས་རྗེ་བླ་མ་དབང་ཕྱུག་སྟོབས་ལྡན་རིན་པོ་ཆེས་ངོ་སྤྲོད་གནང་གི་འདུག  གཞན་ཡང་ཁོང་གིས་ཁྲ་འགུ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་ཕེབས་པ་ནས། ཁོང་ཚོས་༸རྒྱལ་དབང་༸ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་གི་བཀའ་ཕེབས་དགོངས་དོན་བཞིན། རྒྱལ་བ་མི་འཁྲུགས་པའི་སྒོ་ནས་དགོངས་རྫོགས་མཆོད་འབུལ་གནང་གི་ཡོད་ཅེས་ཀྱང་འགྲེལ་བརྗོད་གནང་གི་འདུག

thrangu-rinpoche-with-his-holiness-17th-karmapa.jpg
ཁྲ་འགུ་བཀྲ་ཤིས་ཆོས་གླིང་དགོན་པ་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འདི་ལོ་བོད་ཟླ་གསུམ་པའི་ཚེས་༡༥ནས་ཁྲ་འགུ་རིན་པོ་ཆེ་མཆོག་སྐུ་གཟུགས་མི་བདེ་བའི་ཚུལ་བསྟན་ཏེ་སྨན་ཁང་དུ་ཕེབས་རེ་ཞུས་ཀྱང་ཞལ་བཞེས་མ་གནང་བ་དང་། སླར་ཡང་ནན་ཞུས་ཀྱིས་སྨན་ཁང་དུ་གདན་དྲངས་སྐབས། ༸རྒྱལ་དབང་༸ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་ཞབས་བརྟན་སྨོན་ཚིག་བྱིན་ཆགས་པ་སྩལ་བ་མ་ཟད། བཀའ་བརྒྱུད་ཀྱི་བཤད་གྲྭ་དང་དགོན་སྡེ་ཁག་ལ་རིམ་གྲོ་སྒྲུབ་དགོས་པའི་བཀའ་བཟང་ཕེབས་པ་དང་། ལྷག་པར་བྱམས་མགོན་ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ་དང་། དྲུང་གོ་ཤྲཱིར་རྒྱལ་ཚབ་རིན་པོ་ཆེ། ཟུར་མང་གར་དབང་རིན་པོ་ཆེ་སོགས་ཆེད་དུ་སྨན་ཁང་ལ་ཕེབས་ནས་ཚེ་དབང་ཚེ་འགུགས་སོགས་གནང་བ་དང་། རིམ་པས་སྨན་ཁང་ནས་གདན་ས་བཀྲ་ཤིས་ཡང་རྩེ་དགོན་དུ་ཕེབས་ཏེ་ས་ག་ཟླ་བའི་ཚེས་༡༥ཉིན་དགོངས་པ་རྫོགས་སྐོར་འཁོད་ཡོད་ཅིང་། ཁྲ་འགུ་རིན་པོ་ཆེ་ཀརྨ་བློ་གྲོས་ལུང་རིགས་སྨྲ་བའི་སེང་གེ་མཆོག་ནི། སྤྱི་ལོ་༡༩༣༣ལོར་བོད་མདོ་སྟོད་ཀྱི་ས་ཁུལ་དུ་སྐུ་འཁྲུངས་ནས་༸རྒྱལ་བ་༸ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེ་ནས་ངོས་འཛིན་གནང་ཡོད་པ་དང་། བཙན་བྱོལ་དུ་སྤྱི་ལོ་༡༩༧༤ལོ་ནས་༸རྒྱལ་དབང་༸ཀརྨ་པ་ཆེན་པོ་མཆོག་ནས་བཀའ་ཕེབས་བཞིན། རིམ་པས་རྒྱ་གར་དང་བལ་ཡུལ། བྱང་ཨ་མི་རི་ཀའི་ས་གནས་འདྲ་མིན་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁ་ཤས། གཞན་ཡང་ཐེ་ཝན་དང་མ་ལེ་ཤེ་ཡ། ཧོང་ཀོང་སོགས་ཀྱི་ནང་ཆོས་ཚོགས་དང་དགོན་སྒྲུབ་སྡེ། བཙུན་མའི་དགོན་པ་དང་བཤད་གྲྭ་སོགས་ཆོས་ལ་འཆད་ཉན་སློབ་གཉེར་གྱི་རྟེན་གཞི་ཁག་བཅུ་ཕྲག་མང་པོ་བཙུགས་གནང་མཛད་ཡོད་ཁར། རྣམ་ཐར་དང་མདོ་སྔགས་ཀྱི་གཞུང་འགྲེལ་སྣ་ཚོགས་སོགས་གསུང་རྩོམ་ཀྱང་སྐད་ཡིག་འདྲ་མིན་གྱི་ནང་མཇལ་རྒྱུ་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧རྗེ་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས་མདོ་ལྷོའི་མཛོད་དགེ་རྩྭ་ཐང་དུ་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་འགོ་བཙུགས་པ་དང་བསྟུན་རྡ་རམ་ས་ལར་མི་མང་རེ་འབོད་ཚོགས་པས་མི་མང་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎