རྒྱ་མིའི་དམག་དཔུང་གིས་བལ་ཡུལ་ནང་བཙན་འཛུལ་བྱས་མེད་ལུགས་བརྗོད་འདུག


2020-11-03
Share
རྒྱ་མིའི་དམག་དཔུང་གིས་བལ་ཡུལ་ནང་བཙན་འཛུལ་བྱས་མེད་ལུགས་བརྗོད་འདུག རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Wang Wenbin
ཨེ་པི།

རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Wang Wenbin གིས་རྒྱ་ནག་གིས་བོད་ཕྱོགས་ཀྱི་ས་མཚམས་ནས་བལ་ཡུལ་གྱི་མཐའ་མཚམས་ས་ཁུལ་བཙན་བཟུང་བྱས་པའི་གནས་ཚུལ་དེ་ཁུངས་ལུང་གཏན་ནས་མེད་པའི་དཀྲོག་གཏམ་ཡིན་ལུགས་གསལ་བཤད་བྱས་འདུག

དེ་ནི་བོད་དང་ས་འབྲེལ་བལ་ཡུལ་གྱི་ཧུམ་ལ་(Humla) རྫོང་གི་ལི་མི་(Limi) ས་གནས་ཀྱི་ཕྱོགས་འགལ་ནེ་པ་ལི་ཀོང་རེསི་(Nepali Congress)སྲིད་དོན་ཚོགས་པའི་འཐུས་མི་ཇཱི་ཝན་་བྷ་ཧ་དྷུར་་ཤཧཱ་(Jeevan Bahadur Shah) ཡིས་ཉེ་ལམ་གསར་འགོད་ལྷན་ཚོགས་ཤིག་གི་སྐབས། རྒྱ་མིའི་དམག་དཔུང་གིས་བལ་ཡུལ་གྱི་Limi ས་ཁུལ་ནང་ཀི་ལོ་མི་ཊར་གཅིག་གི་ས་ཁྱོན་གྱི་བར་བཙན་འཛུལ་གྱིས་ཁུལ་དེར་རྡོའི་རྭ་བ་ཁག་ལྔ་བརྒྱབ་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད།

Limiས་གནས་ཀྱི་ཕྱོགས་འགལ་ནེ་པ་ལིའི་ཀོང་རེསི་སྲིད་དོན་ཚོགས་པའི་འཐུས་མི་ Jeevan Bahadur Shah ཡིས་རྗེས་སུ་རོཡེ་ཊརསི་ (Reuters) གསར་ལས་ཁང་ལ།  དེ་སྔ་ལོ་བཅུའི་གོང་གྲོང་གསེབ་མང་ཚོགས་ཀྱིས་དེའི་ཁུལ་ལམ་ཁ་བཟོ་སྐབས་རྙོག་གླེང་བཤད་མཁན་གང་ཡང་མེད་པར་ད་ཆ་རྒྱ་མིའི་དམག་དཔུང་གིས་ལུང་གཤོངས་ཆུང་ཆུང་དེ་ཁོང་ཚོའི་ཡིན་པ་བརྗོད་ཀྱི་ཡོད་ལུགས་ངོ་སྤྲོད་གནང་ཡོད་པ་རེད།

རྒྱ་ནག་གིས་བོད་ཀྱི་ས་ཁུལ་ནས་བལ་ཡུལ་གྱི་མཐའ་མཚམས་ས་ཁུལ་ནང་སིམ་འཛུལ་བྱས་པའི་གནད་དོན་དེ་ད་ཆ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་ཤུགས་ཆེ་གླེང་བཞིན་པར་སོང་། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པར་གནད་དོན་དེའི་ཐད་དྲི་བ་བྱུང་བའི་ལན་དུའང་། ཁོ་པས་གནད་དོན་དེ་བདེན་པ་མིན་པར་དཀྲོག་གཏམ་ཡིན་ལུགས་བརྗོད་ཡོད་ལ།  དེ་བཞིན་བལ་ཡུལ་གཞུང་འཛིན་དམར་ཤོག་ཚོགས་པས་ཀྱང་ གནད་དོན་དེ་ལྟར་བྱུང་མེད་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག

བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Sewa Lamsal གིས། བརྒྱུད་ལམ་ཁག་གི་དོགས་དྲིར་ལན་འདེབས་ཀྱི་ནང་རྒྱ་ནག་གིས་བལ་ཡུལ་གྱི་ས་ཁུལ་བཙན་བཟུང་གིས་རྟེན་གཞི་འཛུགས་བསྐྲུན་བྱས་པའི་དོན་རྐྱེན་བྱུང་མེད་ལུགས་བརྗོད་པ་ལས་གཞན་གསལ་བཤད་གང་ཡང་བྱེད་རྒྱུ་མིན་ལུགས་བརྗོད་ཡོད་པ་Reuters གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།