རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བའི་ཉིན་ཨོསི་ཊརེ་ལི་ཡའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག

ད་ལོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་ནས་ལོ་ངོ་༧༥་འཁོར་པའི་ཉིན་མོ་སྲུང་བརྩི་བྱེད་བཞིན་པའི་ཉིན་མོར། སྤྱི་ཟླ་༡༠ཚེས་༡རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན། ཨོསི་ཊརེ་ལི་ཡའི་(Australia)་སི་ཌི་ནི་གྲོང་ཁྱེར་གྱི་ཚོགས་ཁང་མདུན་དུ། བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱ་ནག་གཞུང་གི་འོག་སྡུག་སྦྱོང་མྱོང་བཞིན་པའི་ནིའུ་ཛི་ལེནྜ་དང་ཨོསི་ཊརེ་ལི་ཡའི་མི་མང་གི་མཐུན་ཚོགས་བཅས་མཉམ་སྦྲེལ་ཐོག་སི་ཌི་ནི་གྲོང་ཁྱེར་གྱི་ཚོགས་ཁང་མདུན་དུ་འཛོམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་། རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་གཉིས་མཉམ་ཞུགས་གནང་ཡོད་འདུག
རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྐབས་ཁུལ་དེར་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། ཧོང་ཀོང་བ། ཧྥ་ལུང་ཀོང་ཆོས་འཁོར་སྒོམ་སྒྲུབ་པ་སོགས་མཉམ་ཞུགས་ཀྱིས་ལས་འགུལ་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་དང་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ནས་རྒྱ་ནག་དམར་ཤོག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་འདུག
སྐབས་དེར་ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་འཐུད་པ་ཟླ་བ་བཟང་མོ་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་སྤེལ་སྐབས། རྒྱ་ནག་གཞུང་གིས་བོད་ནང་གི་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་ནས། བོད་ཀྱི་བྱིས་པ་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་ཏེ་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་གསལ་སྟོན་གནང་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གཏམ་བཤད་གནང་འདུག་ལ། གཞན་རྒྱ་ནག་གིས་ཧྥ་ལུང་ཀོང་ཆོས་འཁོར་སྒོམ་སྒྲུབ་པ་ཆབ་སྲིད་བཙོན་པའི་ལུས་ཀྱི་དབང་པོ་ལེན་པ་དང་། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་བྱས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་སོགས་ཀྱི་གནས་སྟངས་འགྲེལ་བརྗོད་དང་འབྲེལ། ཨོསི་ཊརེ་ལི་ཡ་གཞུང་ལ་(Magnitsky)་རྒྱལ་སྤྱིའི་བཅའ་ཁྲིམས་བརྒྱུད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ཚོར་དམ་དྲག་དང་ཉེས་ཆད་འགེལ་དགོས་པའི་རེ་སྐུལ་ཞུས་འདུག
རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཞེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་པའི་ཉིན་མོར་རྒྱ་གར་དང་། ཨ་རི། ཁེ་ཎ་ཌ། ཡོ་རོབ་སོགས་འཛམ་གླིང་གི་ས་གནས་མང་པོར་བོད་མི་དང་ཡུ་གུར། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་རང་དབང་འཐབ་རྩོད་པ་ཚོས་རྣམ་པ་འདྲ་མིན་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།