སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་ནང་གཞུང་དོན་ཆེད་ཕྱོགས་བསྐྱོད་ཕེབས་ཐོན་གནང་ཡོད་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕྱི་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་ཨ་མི་རི་ཀའི་ནང་གཞུང་དོན་ཕྱོགས་བསྐྱོད་ཆེད་རྡ་རམ་ས་ལ་ནས་ཕེབས་ཐོན་གནང་ཡོད་པ་དང་། ཟླ་བ་འདིའི་ཚེས་༢༣ བར་མཛད་འཆར་ཡོད་འདུག དེའི་རིང་གཙོ་བོ་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དང་། ཧྥི་ལ་ཌལ་ཧྥེ་ཡ། ནིའུ་ཡོག དེ་ནས་ཨ་རིའི་ནུབ་ཕྱོགས་ཁུལ་ཌན་ཝར་དང་། ནིའུ་མེཀ་སི་ཀོ པོརདྲ་ལེན་དྲེ། སི་ཡ་ཀྲལ། ཡུའུ་ཊ། སན་ཧྥི་རན་སིས་ཀོ་བཅས་པར་གཞུང་དོན་འཚམས་གཟིགས་གནང་འཆར་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
ཐེངས་འདིའི་མཛད་འཆར་ཞིབ་ཕྲ་གཞུང་འབྲེལ་དྲྭ་གནས་ནང་བཀོད་ཐོན་བྱུང་མེད་ཀྱང་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་འདི་ཚེས་༨དང་༩་གཉིས་རིང་བྱང་ཨ་རིའི་བོད་མིའི་སྤྱི་མཐུན་ཚོགས་པའི་ལོ་འཁོར་ཚོགས་ཆེན་གྱི་དབུ་བཞུགས་གནང་རྒྱུ་དང་། གཞན་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ངོ་༣༥འཁོར་བའི་དུས་དྲན་མཛད་སྒོར་མཉམ་ཞུགས། གཞན་ཨ་རིའི་གྲོས་ཚོགས་འཐུས་མི་དང་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་མཇལ་འཕྲད་གནང་རྒྱུས་མཚོན་ལས་རིམ་ཁག་ཅིག་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལོ་འདིའི་ནང་ཨ་མི་རི་ཀར་ཐེངས་གསུམ་ལ་འཚམས་གཟིགས་གནང་ཡོད་པ་རེད་ལ། འདས་པའི་ཟླ་བའི་ནང་སྲིད་སྐྱོང་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་དང་། ལྷག་པར་དུ་ཤར་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ཅིག་ལ་ཆེས་ཐོག་མའི་འཚམས་གཟིགས་གནང་ཡོད་པ་ཙམ་མ་ཟད། ཡུལ་གྲུ་དེ་དག་གི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ། དེ་བཞིན་དེ་སྔ་ལོ་མང་པོའི་གོང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་མཁན་གྱི་གནད་ཡོད་མི་སྣ་བགྲེས་སོང་ཁག་ཅིག་ཀྱང་མཇལ་འཕྲད་གནང་བ་དང་། ད་བར་བོད་དོན་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་རྒྱ་གར་བྱང་ཤར་ཁུལ་དང་ཉིན་ཤས་གོང་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་མོན་གྷོར་བཅས་སུ་འཚམས་གཟིགས་གནང་ཡོད་པ་རེད། ད་ལྟའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ཐུགས་འགན་ཙམ་དུ་མ་ཟད། ནང་སྲིད་དང་ཆོས་རིག འཕྲོད་བསྟེན། དཔལ་འབྱོར་ལས་ཁུངས་བཅས་ཀྱི་བཀའ་བློན་གཅིག་ལྕོག་གི་འགན་འཁུར་ཀྱང་བཞེས་ཀྱི་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།