ཨ་མི་རི་ཀས་བོད་དོན་ཁྲིམས་ཡིག་གཏན་འབེབས་གནང་བར་ད་ཆ་རྒྱ་ནག་གིས་གདོང་ལེན་བྱེད་དགོས་བ་ཆགས་ཡོད། སྲིད་སྐྱོང་མཆོག་གིས།
ད་དུང་བཅར་འདྲིའི་སྐབས་སྲིད་སྐྱོང་མཆོག་གིས། ཉེ་ལམ་རྒྱ་ནག་མཉམ་ཕྱི་ཟླ་ལྔ་པ་དང་། དྲུག་པའི་ནང་གསང་བའི་ཐོག་ནས་འབྲེལ་བ་བྱུང་ཡོད་པའི་སྐོར་གསུངས་པ་མ་ཟད། ཕྱི་ཟླ་བདུན་པའི་ནང་དུ་ཡང་འབྲེལ་བ་བྱུང་ཡོད་པ་དང་། དེ་ཡང་རྒྱལ་ཁབ་གསུམ་པ་ཞིག་གི་ནང་འབྲེལ་མོལ་གནང་བ་ལས་རྒྱལ་ཁབ་གསུམ་པ་ཞིག་གིས་མཐུན་འགྱུར་གནང་ཡོད་ཟེར་བ་དེ་བདེན་པ་མིན་པ་གསལ་བཤད་གནང་བྱུང་།
ཡང་རྒྱ་ནག་གཞུང་གིས་སྔ་ལོ་ནས་བོད་ལ་རྒྱ་སྐད་ཀྱི་ཤིས་ཙང་ཞེས་བ་དེ་དབྱིན་ཡིག་ནང་མིང་བསྒྱུར་བྱེད་ཐབས་བྱེད་བཞིན་པར། དབྱིན་ཡིག་ནང་བོད་ལ་(Tibet)་ཞེས་ཐ་སྙད་བཀོད་སྤྱོད་བྱེད་མཁན་གྲས་ཀྱི་ཕྱི་རྒྱལ་གྱི་ཡུལ་གྲུ་ཁ་ཤས་ནང་དེའི་ཤུགས་རྐྱེན་ཡོང་གི་འདུག་ལ། དཔེར་ན། རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་དུས་བཀག་ཚོགས་འདུའི་ཐོག་གི་ཡིག་ཆ་ཁག་གི་ནང་བཀོལ་སྤྱོད་བྱེད་མཁན་དང་། ཆབ་སྲིད་དང་འབྲེལ་བ་མེད་པའི་ཡིག་ཆ་ཁག་གི་ནང་བཀོད་རྒྱུ་འགོ་བཙུགས་འདུག་པས་འདིའི་ཐད་གདོང་ལེན་གནང་ཕྱོགས་ཀྱི་ཐབས་ལམ་ཇི་དགེའི་སྐོར་དྲིས་བར་སྲིད་སྐྱོང་མཆོག་གིས། འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་ས་ཁྲ་བཟོ་རྒྱུ་དང་། བོད་པའི་ས་ཆའི་མིང་བེད་སྤྱོད་བྱེད་བཞིན་པ་ཁག་གི་ཐོག་ཞིབ་འཇུག་གིས་འདིའི་ཐད་བོད་རིགས་ས་ཁྲའི་ཐོག་མཁས་པ་ཤ་བ་ཚེ་རིང་དབང་རྒྱལ་ལགས་དང་། ཧྥ་རན་སིའི་ནང་གནས་སྡོད་བོད་རིགས་ནོར་བུ་ལགས་སོགས་སུ་བཀའ་མོལ་ཞུས་ཏེ་ཕྱྭར་གྲུ་མཉམ་འདེགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་པའི་སྐོར་ལན་འདེབས་གནང་བྱུང་།
ཡང་སྐབས་༢༠པའི་རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་ཚོགས་དུས་གསུམ་པ་འཚོགས་ཏེ་མི་རིགས་རྒྱ་བསྒྱུར་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱ་ནག་མངའ་ཁོངས་སུ་མི་རིགས་༥༦ཡོད་པ་དག་གོང་བུ་གཅིག་ཏུ་བསྒྲིལ་རྒྱུ་ཡིན་པ་བརྗོད་འདུག་པས་འདིའི་ཐད་གདོང་ལེན་གནང་ཕྱོགས་སྐོར་དྲིས་སྐབས་སྲིད་སྐྱོང་མཆོག་གིས། རྒྱ་ནག་གིས་བོད་ནང་མི་རིགས་རྩ་མེད་དང་རིག་གཞུང་རྩ་མེད་བཟོ་བ། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་མེད་པ་བཟོ་རྒྱུའི་སྲིད་བྱུས་དེ་ད་ཆ་རྣོ་ངར་ཆེ་རུ་གཏོང་གི་ཡོད་པ་དེ་ཕྱི་བསྒྲགས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་སྐོར་དང་། རྒྱ་ནག་གི་ལས་དོན་འདིའི་ཐད་འགོ་ཁྲིད་ཞི་ཅིན་ཕིན་དང་འགོ་ཁྲིད་མཐོ་ཤོས་གསུམ་པ་ཝང་ཧུ་མིན། རྒྱའི་པཎ་ཆེན་བོད་ཀྱི་ས་ཁུལ་ཁག་ནང་བསྐྱོད་པ་དེས་བོད་ཀྱི་བརྟན་བརླིང་ཐོག་སེམས་ཚབས་བྱེད་ཀྱི་ཡོད་པའི་སྐོར་གསུངས་སོང་།
ཉེ་ལམ་སྲིད་སྐྱོང་མཆོག་ལ་དྭགས་བྱང་ཐང་ཉོ་མ་དང་། ཧན་ལེ། བཀག་གཞུང་། རྒོད་ཡུལ་བཅས་སུ་ཕེབས་གནང་འདུག་པས་རྒོད་ཡུལ་འདི་བོད་ཀྱི་ས་ཐག་ཉེ་ས་ཞིག་འཁེལ་གྱི་ཡོད་པས་རྒྱ་ནག་ཕྱོགས་ནས་མཐའ་མཚམས་ཁུལ་དུ་འཛུགས་བསྐྲུན་དང་དམག་དོན་གྱི་ལས་གཞི་མང་དག་སྤེལ་བ་དེར་ཚོར་སྣང་དང་གཟིགས་ཚུལ་ཇི་བྱུང་སྐོར་དྲིས་བར་སྲིད་སྐྱོང་མཆོག་གིས། རྒྱ་གར་གྱི་ངོས་ནས་ཀྱང་རྒྱ་གར་གྱི་ས་མཚམས་ཕྱོགས་སུ་(Vibrant Villages)་ཞེས་པའི་གྲོང་ཚོ་ཁག་ཀྱང་གསར་འཛུགས་གནང་རྒྱུའི་འཆར་གཞི་སྒྲིག་གནང་གི་ཡོད་པའི་སྐོར་སོགས་ལན་འདེབས་གནང་བྱུང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕྱི་ཟླ་༧ཚེས་༢༢ནས་བཟུང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕྱོགས་ཕེབས་གནང་སྟེ། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལམ་ལྷོངས་ཡོང་བར་སྐུ་ལས་བསྐྱོན་མཁན་ཨ་རིའི་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་བཞིན་པ་དང་། རིམ་པས་བོད་མི་གནས་སྡོད་བྱེད་ཡུལ་ཨ་རིའི་མངལ་སྡེ་ཁག་ཅིག་ནང་ཕྱོགས་བསྐྱོད་འཚམས་གཟིགས་རྗེས་ཚེས་༢༩ཉིན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་མཇལ་བཅར་ཞུ་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།