༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ང་ཚོས་ནམ་ཡང་རེ་བ་དོར་མེད། སྲིད་སྐྱོང་མཆོག་གིས།

2024.12.24
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ང་ཚོས་ནམ་ཡང་རེ་བ་དོར་མེད། སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཨ་རིའི་ཨེ་སྦི་སི་ (ABC) གསར་འགྱུར་ལས་ཁང་གི་བཅར་འདྲི
CTA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ལམ་ནས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་ལྟར། ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་བྱང་ཨ་རིའི་ཁུལ་གྱི་འཚམས་གཟིགས་མཇུག་བསྒྲིལ་གནང་ཡོད་པ་དང་། ཉིན་དེར་ཨ་རིའི་ཨེ་སྦི་སི་ (ABC) གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་སུ། སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། བོད་ནང་གི་བོད་མིའི་སྙིང་སྟོབས་དང་སེམས་ཤུགས་འོག་བོད་དོན་འཐབ་རྩོད་གནང་སྟངས། རྒྱ་ནག་གི་དྲག་གནོན་འོག་བོད་མི་མང་པོས་རང་ལུས་མེར་སྲེག་བཏང་དགོས་བྱུང་བའི་གནས་སྟངས། བོད་ཕྱི་ཕྱོགས་ནས་བོད་མི་ཚོས་བོད་དོན་འཐབ་རྩོད་བྱེད་པའི་གནས་སྟངས། ཨ་རིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་སྐོར་སོགས་གླེང་ནས། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ལ་ཨ་རིའི་སྲིད་འཛིན་བྷཡེ་ཌན་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་མཚན་རྟགས་བཀོད་དེ་དངོས་སུ་ལག་བསྟར་ཁྲིམས་སུ་གྱུར་པ་དང་། ཁྲིམས་ལུགས་དེས་བོད་ཀྱི་གནད་དོན་དེ་ནི་ད་དུང་ཡང་ཐག་གཅོད་མ་བྱས་པར་ལུས་པའི་གནད་དོན་གང་ཞིག་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་ཐག་གཅོད་བྱ་དགོས་པ་ཞིག་ཡིན་པ་དང་། རྒྱ་ནག་གི་གཤོད་སྟངས་དག་དངོས་ཡོད་ཀྱི་གནས་ཚུལ་དང་རྒྱབ་འགལ་ཡིན་པ་བདེན་དཔང་བྱས་ཡོད་ཅེས་དང་། ཁྲིམས་ལུགས་དེས་དབུ་མའི་ལམ་ལ་རྒྱབ་སྐྱོར་མཚོན་ཡོད་པ་སོགས་གསུངས་ཡོད་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་དུང་། ཁྲིམས་ཡིག་དེ་གཏན་འབེབས་ལེགས་གྲུབ་བྱུང་ཡོད་ནའང་བོད་མི་ཚོས་རྒྱ་ནག་མཉམ་དུ་བོད་དོན་སེལ་ཐབས་ཀྱི་ཞི་མོལ་བྱ་རྒྱུའི་ལས་དོན་ལ་ད་དུང་བཟང་ཕྱོགས་ཀྱི་འགྱུར་བ་དང་གྲུབ་འབྲས་གང་ཡང་བྱུང་མེད་ཅིང་། བོད་མི་ཚོས་ཨ་རིའི་གཞུང་འཛིན་གསར་པའི་དབུ་ཁྲིད་དང་མཉམ་འབྲེལ་གྱིས་ཨ་རིའི་དབུ་ཁྲིད་གསར་པའི་གཞུང་འཛིན་གྱིས་བོད་དོན་ལ་ཐུགས་འགན་བཞེས་ཕྱོགས་ལ་གཟིགས་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་ལམ་རྡོག་རྩ་གཅིག་གྱུར་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་འདུག
བཅར་འདྲིའི་སྐབས་(ABC)་གསར་འགོད་པས། ཁྱེད་རང་འདུས་པའི་བོད་མི་བཙན་བྱོལ་བ་དག་བཙན་བྱོལ་དུ་ཡོང་ནས་ལོ་མང་པོ་འགྲོ་བཞིན་ཡོད་ཅིང་། ཁྱེད་ཀྱིས་མི་ལོ་འདི་དག་གི་རིང་ལ་བོད་ནང་གི་རང་གི་ནང་མིར་འབྲེལ་བ་བྱེད་ཀྱིན་ཡོད་དམ་ཞེས་དྲིས་སྐབས། སྲིད་སྐྱོང་མཆོག་གིས། བོད་ནང་གི་ནང་མིར་འབྲེལ་བ་བྱེད་ཀྱིན་ཡོད་མོད། དེ་ནི་ཧ་ཅང་གི་དཀའ་ལས་ཁག་པོར་གྱུར་ཡོད་པ་དང་། བོད་མི་ཚང་མས་རང་གི་ནང་མི་དང་འབྲེལ་བ་བྱ་ཐབས་བྱེད་ཀྱིན་ཡོད་ནའང་། ཀུན་གྱིས་མཁྱེན་གསལ་ལྟར་རྒྱ་ནག་གིས་ཕྱོགས་གང་སར་སྟངས་འཛིན་དང་དམ་དྲག་ནན་མོ་བྱས་པའི་དབང་གིས་བོད་ནང་གི་ནང་མི་དང་འབྲེལ་བ་བྱས་ཏེ་གླེང་མོལ་བྱ་རྒྱུ་ཤིན་ཏུ་ཁག་པོ་ཡིན་པའི་སྐོར་སོགས་གསུངས་འདུག
གཞན་གསར་འགོད་པས་ཁྱེད་ཀྱིས་རང་གི་ནང་མི་དང་བོད་ནང་གི་བོད་མི་རྣམས་ལ་བརྗོད་འདོད་པ་གང་ཡོད་སྲིད་སྐབས། སྲིད་སྐྱོང་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ང་ཚོས་ནམ་ཡང་རེ་བ་དོར་མེད། ང་ཚོས་༧གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་དོན་གནད་དོན་མུ་མཐུད་དུ་གསོན་པོར་ཉར་ནས་འཐབ་རྩོད་གནང་བཞིན་པ་གསུངས་འདུག
ཡང་གསར་འགོད་པས་བོད་ནང་གཙོ་བོར་གྱུར་པའི་བོད་མི་རྣམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱིར་རང་ཡུལ་དུ་ཕེབས་དགོས་པ་སོགས་ཀྱི་རེ་འདུན་བཏོན་ནས་སྤྱི་ལོ་༢༠༠༨སོགས་ལ་ངོ་རྒོལ་རབ་དང་རིམ་པར་བྱས་འདུག་ལ། མིག་སྔར་གནས་ཚུལ་དེའི་སྐོར་གང་འདྲ་འདུག་ཅེས་དྲིས་སྐབས། སྲིད་སྐྱོང་མཆོག་གིས། བོད་ས་ཡོངས་སུ་རྫོགས་པར་བོད་མི་ཚོས་ཞི་བའི་ངང་ནས་ངོ་རྒོལ་རབ་དང་རིམ་པར་བྱས་ཡོད་པ་མ་ཟད། སྤྱི་ལོ་༢༠༠༨ནས་སྤྱི་ལོ་༢༠༢༢བར་དུ་བོད་ཀྱི་རང་དབང་གི་ཆེད་དུ་བོད་མི་༡༥༧གྱིས་རང་ལུས་མེར་སྲེག་གནང་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དོ་སྣང་ཡོང་ཐབས་བྱས་ཡོད་ལ། དེང་སྐབས་ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་ལ་འགྱུར་བ་འགྲོ་བཞིན་ཡོད་པའི་ཆ་ནས་འབྱུང་འགྱུར་རྒྱ་ནག་གི་གནས་སྟངས་ལ་འགྱུར་བ་འགྲོ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་སྐོར་ལན་འདེབས་གནང་འདུག
མཐར་གསར་འགོད་པས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཐད་རྒྱ་ནག་གིས་ཐེ་ཇུས་བྱེད་ཀྱི་ཡོད་པའི་གནས་སྟངས་སྐོར་ནས་བཅར་འདྲི་ཞུས་སྐབས་སྲིད་སྐྱོང་མཆོག་གིས། ཡང་སྲིད་ཟེར་བ་དེ་ནི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ཞིག་ཡིན་ལ། ང་ཚོའི་བོད་ཀྱི་བླ་མ་ཟེར་བ་དེ་ནི་བླ་མ་གང་དེའི་ཡང་སྲིད་ཀྱིས་བླ་མ་གོང་མ་དེའི་མཛད་པའི་རྒྱུན་སྐྱོང་དགོས་པ་ཞིག་ཡིན། རྒྱ་ནག་དམར་ཤོག་ཚོགས་པར་མཚོན་ན་ཆོས་ལུགས་གང་ལའང་དད་པ་མེད་ཅིང་། ཡང་སྲིད་དམ་སྐྱེས་བ་རྗེས་མར་ཡིད་ཆེས་མེད་པ་ཞིག་ཡིན་པས་དོན་དག་དེར་ཇུས་གཏོགས་བྱ་དགོས་པ་ཞིག་མིན་ལ། རྒྱ་ནག་གཞུང་གིས་ད་ལྟའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་ཡོད་པར་དོ་སྣང་བྱེད་བཞིན་པ་ལས་ལྷག་མ་འོངས་སྐུའི་ཡང་སྲིད་སྐུ་ཕྲེང་བཅོ་ལྔ་པ་སྟངས་འཛིན་ཡོང་ཐབས་ཐད་སེམས་ཁྲལ་མང་བ་བྱེད་བཞིན་པ་ལན་འདེབས་གནང་འདུག

* བཅར་འདྲི་ཆ་ཚང་གཤམ་ནས་གཟིགས་ཐུབ།


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎