ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག

2024.05.23
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག ཨ་རིའི་གྲོས་ཚོགས་ཁང་ཆེན།
སྒྲིག་བཟོ། /Reuters

* ཚེས་༢༤ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད།

འདི་ཚེས་༢༣ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ལས་དོན་ལྷན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་(Jeff Merkley)་ལགས་དང་། གྲོས་ཚོགས་འཐུས་མི་(Todd Young)་ལགས་གཉིས་ཀྱིས། ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཨང་(S.138 Promoting a Resolution to the Tibet-China Dispute Act)་ངོ་སྤྲོད་གནང་རྗེས་ཁྲིམས་འཆར་དེ་སྤྱི་མོས་ཀྱི་རྒྱབ་སྐྱོར་གཏན་འབེབས་བྱུང་སོང་བ་གསལ་བསྒྲགས་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞུང་དང་འབྲེལ་མཐུད་པ་(Franz
Matzner)་ལགས་ཀྱིས། བོད་དོན་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་འོག་མའི་ནང་དེ་སྔ་གཏན་འབེབས་གནང་ཟིན་ཡོད་ཀྱང་། ད་རེས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་གྱི་ཚིག་བརྗོད་ལ་འགྱུར་བ་ཕྲན་བུ་བཏང་ཡོད་པར་བརྟེན། ཁྲིམས་འཆར་དེ་ཡང་བསྐྱར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བསྣམས་ཕེབས་ཏེ་འོས་བསྡུ་གནང་དགོས་ཀྱི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། གྲོས་ཚོགས་འོག་མས་རྒྱབ་སྐྱོར་བྱུང་མཚམས་ཨ་མི་རི་ཀའི་སྲིད་འཛིན་མཆོག་གི་མཚན་རྟགས་བཀོད་ཉིན་ཁྲིམས་སུ་འགྱུར་རྒྱུ་ཡིན་པ་རེད།
གྲོས་ཚོགས་གོང་མའི་འཐུས་མི་(Jeff Merkley)་ལགས་ཀྱིས། བོད་མི་ཐེ་པའི་འཛམ་གླིང་ཁྱོན་ཡོངས་ལ་གནས་པའི་མི་མང་ཚོར་རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་དགོས་བ་དང་། ང་ཚོའི་ཆབ་སྲིད་ཚོགས་པ་གཉིས་ཀ་དང་གྲོས་ཚོགས་གོང་འོག་གཉིས་ཀས་རྒྱབ་སྐྱོར་ཞུ་སའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཚོའི་གཞི་རྩའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་མུ་མཐུད་དུ་གཏོང་བཞིན་པའི་ཇུས་ངན་ལ་ཐད་ཀར་ཡ་ལན་ཆེད་བཏོན་པ་ཞིག་ཡིན་ཅེས་གསུངས་འདུག
དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་(Todd Young)་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཐོག་དྲག་གནོན་བྱེད་བཞིན་པ་དེ་ཁོ་རང་ཚོའི་འདོད་མོས་ལྟར་བོད་ལ་འགྲེལ་བརྗོད་དང་། གྲོས་མོལ་དེའང་ཁོ་རང་ཚོའི་འདོད་མོས་ལྟར་བྱེད་བཞིན་ཡོད་སྟབས། ང་ཚོའི་ངོས་ནས་བོད་ཐོག་འཛིན་པའི་ཨ་མི་རི་ཀའི་སྲིད་བྱུས་ལ་བསྐྱར་བཅོས་ངེས་པར་བྱེད་དགོས་པ་དང་། བོད་རྒྱ་ཆེའི་མི་མང་གི་རང་དབང་མདུན་སྐྱོད་ཆེད་རྒྱ་ནག་དམར་པོའི་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ཞི་བའི་ཐོག་ནས་རྩོད་རྙོག་སེལ་ཐབས་སུ་བོད་རྒྱ་འབྲེལ་མོལ་ལ་སྐུལ་འདེད་གཏོང་དགོས་པ་གསུངས་འདུག

ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཁྲིམས་འཆར་གཏན་འབེབས་གནང་བའི་ཐད་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དགའ་བསུ་དང་མཉམ། ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་བོད་དོན་ཁྲིམས་འཆར་དེར་དགག་བྱ་གང་ཡང་མེད་པར་སྤྱི་མོས་ཀྱི་ཐོག་གཏན་འབེབས་གནང་ཐུབ་པ་བྱུང་བ་ནི་གཟི་བརྗིད་རེད། འདི་ནི་ལོ་རྒྱུས་ཀྱི་གནས་བབ་ཀྱི་ཐོག་ནས་གལ་ཆེན་པོ་ཆགས་ཡོད་ལ་ཁྲིམས་འཆར་དེ་ཁྲིམས་ཡིག་ཏུ་གཏན་འབེབས་ཐུབ་པར་གོམ་སྟབས་ཆེན་པོ་ཞིག་རྒྱབ་པ་རེད། ད་བར་དུ་རྒྱ་ནག་གཞུང་གིས་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་ཚུལ་ཕྱིའི་རྒྱལ་ཁབ་ཚང་མ་ལ་བཤད་འཇུག་བཞིན་པས་ན། དེ་ལ་ཁ་གཏད་དང་གདོང་ལེན་བྱེད་པའི་ལམ་ཁ་དང་པོ་དེ་ཁྲིམས་འཆར་འདི་ཆགས་ཡོད། འདི་ནི་བཀའ་ཤག་སྐབས་བཅུ་དྲུག་པས་ཡང་ཡང་བཤད་བཞིན་པ་བོད་ནི་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་གནས་བབ་ངོས་འཛིན་དགོས་བ་དང་། རྒྱ་ནག་གཞུང་ལ་ལོ་རྒྱུས་ལ་འཁྱོག་བཤད་བྱས་ན་འགྲིག་ཐབས་མེད་པའི་གོ་བརྡ་སྤྲོད་དགོས་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ན་ཡང་རྒྱ་ནག་གི་ཁ་ལ་ཉན་ནས་རྒྱ་ནག་གི་ནེ་ཙོ་སྣང་བཞིན་བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་བསྡད་པ་དེ་དག་འགྲིག་གི་མེད་པ་གསལ་བོ་བཟོ་ཆེད་ཡིན། དེ་བཞིན་བོད་མི་ཚོ་ཡིན་ན་ཡང་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱེད་དགོས། ད་རེས་ཁྲིམས་འཆར་འདི་མི་སྒེར་དང་ཚོགས་སྡེ་ཁག་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་རེད། ང་ཚོར་མི་འགྲོ་དང་དཔལ་འབྱོར་གྱི་མཐུན་རྐྱེན་ཧ་ཅང་འཛོམས་པོ་མེད་ནའང་། ང་ཚོ་མཉམ་རུབ་ཀྱིས་ལས་དོན་བྱས་ན་ང་ཚོའི་དམིགས་ཡུལ་འགྲུབ་ཐུབ་པ་བསྟན་ཡོད། ང་ཚོས་དམིགས་བསལ་ཁྲིམས་འཆར་འདི་ངོ་སྤྲོད་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་(Jeff Merkley)་ལགས་དང་། གྲོས་ཚོགས་འཐུས་མི་(Todd Young)་ལགས་གཉིས་གཙོས་པའི་འབྲེལ་ཡོད་ཡོངས་དང་། ཨ་རིའི་གྲོས་ཚོགས་གོང་མས་ཐག་གཅོད་ལྡན་པའི་ཐོག་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
ཨ་མི་རི་ཀའི་གྲོས་ཚོགས་གོང་མས་གཏན་འབེབས་གནང་བའི་བོད་དོན་ཁྲིམས་འཆར་དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་རྒྱལ་སར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ལ་འདྲི་རྩད་བྱས་སྐབས་མགྲིན་ཚབ་པ་(Liu Pengyu)་ཡིས། བོད་དེ་ཡོན་རྒྱལ་རབས་ནས་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་དང་། དུས་ནམ་ཡང་བོད་ནི་རང་བཙན་་གཙང་མའི་རྒྱལ་ཁབ་ཞིག་མིན་པར་བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་སྟབས་ཕྱིའི་སྟོབས་ཤུགས་ཁག་གིས་ཐེ་བྱུས་བྱེད་པའི་ཐོབ་ཐང་མེད་ལ། ཨ་མི་རི་ཀའི་ངོས་ནས་བོད་ཀྱི་གནད་དོན་བེད་སྤྱོད་ཀྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་དགོས། བོད་ནང་གི་འཛུགས་བསྐྲུན་ཡར་རྒྱས་དང་བརྟན་བརླིང་མེད་པ་བཟོ་རྒྱུ་མཚམས་འཇོག་དགོས། བོད་རང་དབང་རང་བཙན་གྱི་སྟོབས་ཤུགས་ཁག་ལ་རྒྱ་ནག་ཁ་བྲལ་གྱི་ལས་དོན་སྤེལ་རྒྱུའི་སྡིང་ཆ་སྤྲོད་ཐལ་མེད་པའི་སྐོར་བརྗོད་འདུག
ཡིན་ན་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཁྲིམས་འཆར་དེ་གཏན་འབེབས་གནང་བ་ནི་རྒྱ་ནག་གཞུང་ལ་བོད་དོན་ཐད་བརྡ་ལམ་གསལ་བོ་ཞིག་སྤྲད་པ་རེད། གང་མགྱོགས་ཁྲིམས་འཆར་དེ་ཨ་རིའི་ཁྲིམས་ལ་འགྱུར་བའི་རེ་སྒུག་ཞུ་བཞིན་པ་གསུངས་བྱུང་།
ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་དགའ་བསུ་དང་མཉམ། ཨ་རིའི་གྲོས་ཚོགས་གོང་མས་རྒྱབ་སྐྱོར་གནང་བ་དེ་ནི་ཨ་མི་རི་ཀས་བོད་དོན་ཐོག་ནམ་ཡང་འགྱུར་བ་མེད་པའི་རྣམ་འགྱུར་མཚོན་པའི་བྱེད་ལས་ཤིག་ཡིནཔ་འགྲེལ་བརྗོད་གནང་འདུག
བོད་དོན་ཁྲིམས་འཆར་དེའི་ནང་། རྒྱ་ནག་གཞུང་གིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་བཞིན་པ་དེ་བདེན་པ་མིན་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་ལོག་འགྲེལ་འཁྱོག་བཤད་བྱེད་བཞིན་པར་ཨ་རིའི་སྲིད་གཞུང་གིས་གདོང་ལེན་བྱེད་རྒྱུ་སོགས་འཁོད་ཡོད་པ་རེད།
ཉེ་ལམ་སྤྱི་ཟླ་བཞི་པའི་ཚེས་༡༦ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་སྤྱི་མོས་ཀྱི་རྒྱབ་སྐྱོར་གཏན་འབེབས་བྱུང་ཡོད་པ་རེད།


གསར་འགོད་པ། རིག་ལྡན་སྒྲོལ་མ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གསར་པ་དབུ་འབྱེད་གནང་བར་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎