ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་བྱུང་འདུག



ཨ་མ་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་ཚང་འཛོམས་ཀྱི་གྲོས་ཚོགས་ཐོག་ཕྱི་ཟླ་༢ཚེས་༡༥ཉིན་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གྲངས་༣༩༢ཀྱི་རྒྱབ་སྐྱོར་དང་། འཐུས་མི་གྲངས་༢༨ཀྱི་འགག་བྱ་གནང་ནས་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་དེ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་འདུག ད་ཆ་བོད་དོན་ཐད་ཀྱི་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་གཏན་འབེབས་ཀྱི་ལས་གཞིའི་ཁོངས་སུ་འགྲོ་རྒྱུ་ཡིན་པ་རེད།
བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་འདི་ཐོག་མར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་གིས། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༡༢བའི་ཚེས་༢༠ ཉིན་ངོ་སྤྲོད་གནང་ཞིང་། ཁྲིམས་འཆར་དེའི་ནང་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་དང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཨ་རིའི་གཞུང་གི་ལངས་ཕྱོགས་ཇི་ལྟར་བཟུང་དགོས་པ། བོད་རྒྱའི་དཀའ་རྙོག་འདི་སྔོན་འགྲོ་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ། དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་གཞི་རྩའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་འབྲེལ་བའི་རྩ་འཛིན་ཁྲིམས་ཡིག་དང་། རྒྱལ་སྤྱིའི་ཁྲིམས་ལུགས་སོགས་གཞིར་བཞག་པའི་ཐོག་ནས་སེལ་རྒྱུར་འབད་བརྩོན་བྱ་ཐབས་སོགས་གསལ་བའི་ཡིག་ཆ་ཧ་ཅང་གལ་ཆེ་ཞིག་ཏུ་བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་དོན་ཞུ་གཏུག་ཚོགས་པ་ཁག བོད་མིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

དེའི་ཐད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། དེ་རིང་ཨ་མ་རི་ཀའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་ཚད་མཐོའི་རྒྱབ་སྐྱོར་གྱི་ཐོག་ནས་མང་མོས་གཏན་འབེབས་བྱུང་བ་ནི་བོད་མི་ཚོ་ལ་གཏམ་བཟང་རེད། འདི་ནི་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་བོད་ནང་གི་བོད་མི་ཚོ་ལ་གདུང་སེམས་མཉམ་སྐྱེས་དང་བོད་དོན་ལ་རྒྱབ་སྐྱོར་གནང་བ་ཡིན་པས་བོད་མི་ཚོ་ལ་བོད་ཀྱི་ལོ་སར་སྐབས་ཕྱག་རྟགས་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། རིམ་པས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ང་ཚོ་མཉམ་འབྲེལ་གྱིས་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་གཏན་འབེབས་ཡོང་ཐབས་སུ་འབད་བརྩོན་བྱེད་བཞིན་པ་ཡིན་ལ། དེའི་ཆེད་ཨ་རིའི་གྲོས་ཚོགས་ནང་ད་བར་བོད་དོན་ཞུ་གཏུག་ཆེད་བོད་དོན་རྒྱབ་སྐྱོར་བ་དང་། བོད་རིགས་སྤྱི་མཐུན་ཚོགས་པ་ཁག བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ཚང་མ་མཉམ་རུབ་གནང་ཡོད་པ་གསུངས་བྱུང་།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་ཚད་མཐོའི་རྒྱབ་སྐྱོར་གྱི་ཐོག་ནས་མང་མོས་གཏན་འབེབས་བྱུང་བར་དགའ་བསུ་གནང་བ་དང་སྦྲགས། དེའི་ཐད་ད་བར་ཚོགས་སྡེ་མང་པོ་ཞིག་གིས་མཉམ་དུ་ཞུ་གཏུག་ལ་སོགས་པའི་ལས་འགུལ་མང་པོ་སྤེལ་ཡོད་ལ། དེ་མཚུངས་གྲོས་ཚོགས་འཐུས་མི་མང་པོས་དེར་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ད་རེས་གསལ་བོ་བྱུང་སོང་། ལྷག་པར་དུ་ཚེས་༡༣ཉིན་ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ནང་བཏོན་སྐབས་ཁྲིམས་འཆར་དེ་ཐོག་མར་འདོན་མཁན་གཙོས་གྲོས་ཚོགས་འཐུས་མི་རྣམ་པས་རྒྱབ་སྐྱོར་གྱི་བཀའ་མོལ་ཤུགས་ཆེན་པོ་གནང་སོང་། ད་ནི་ལས་གཞི་མང་པོ་ཞིག་བང་བསྒྲིགས་ནས་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་གཏན་འབེབས་ཡོང་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་ལ་དེར་ཚོགས་སྡེ་ཁག་མང་པོ་སྔར་བཞིན་མཉམ་ཞུགས་གནང་བའི་རེ་བ་བྱེད་བཞིན་ཡོད་པ་གསུངས་བྱུང་།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་གསལ་བསྒྲགས་སྤེལ་བའི་ནང་། གྲོས་ཚོགས་འོག་མའི་ནང་གཏན་འབེབས་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་ནི་གཙོ་བོ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ། ཡང་ན་བོད་མི་དམངས་ཀྱིས་དམངས་གཙོའི་ལམ་སྲོལ་གྱི་ཐོག་ནས་འོས་བསྡུ་བྱས་ཏེ་འདེམས་ཐོན་བྱུང་བའི་ཆབ་སྲིད་ཀྱི་དབུ་ཁྲིད་དང་ལྷན་དུ་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་རྒྱུན་ཆད་པའི་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་རྒྱ་ནག་གཞུང་ལ་སྣོན་ཤུགས་སྤྲོད་རྒྱུའི་ཆེད་ཡིན་པ་བརྗོད་འདུག་ལ་། འདི་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་ཚོ་བཙན་བྱོལ་དུ་མི་ལོ་༦༥སོང་ཞིང་ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥བ་སླེབས་ལ་ཉེ་བའི་སྐབས་དང་འཁེལ་ཡོད་པ་སོགས་འཁོད་འདུག
ཕྱི་ཟླ་ ༢ ཚེས་༡༣ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་དེ་གཏན་འབེབས་ཆེད་བགྲོ་གླེང་གནང་སྐབས། ཁྲིམས་འཆར་དེ་ཐོག་མར་ངོ་སྤྲོད་གནང་མཁན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་ལགས་ཀྱིས། ཁྲིམས་འཆར་འདི་གཏན་འབེབས་ཆེད་རྒྱབ་སྐྱོར་གནང་བ་ནི་བོད་མིའི་རང་དབང་དང་། ཐོབ་ཐང་ཆེད་རྒྱབ་སྐྱོར་མཚོན་པ་ཞིག་ཡིན་པ་དང་། དེ་ཡང་གཙོ་བོ་རྒྱལ་སྤྱིའི་ཁྲིམས་ལྟར་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་དང་རྒྱ་ནག་བར་གྱི་དཀའ་རྙོག་སེལ་ཐབས་དང་གྲོས་མོལ་ཡོང་ཐབས་ཆེད་ལུགས་མཐུན་གྱི་རྒྱབ་སྐྱོར་ཡིན་པ་གསུངས་འདུག
གོང་བརྗོད་ཁྲིམས་འཆར་(H. R. 533 Promoting a Resolution to the Tibet-China Dispute Act)་འདི་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེཀ་གྷ་ཝེན་(Jim McGovern)་ལགས་དང་གྲོས་ཚོགས་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡི་ཀེལ་མེཀ་གྷོལ་(Michael McCaul)་རྣམ་གཉིས་ནས་ངོ་སྤྲོད་གནང་ཞིང་། གྲོས་ཚོགས་གོང་མའི་ནང་འཐུས་མི་ཊོཌ་ཡངགྷ་དང་ཇེཧྥ་མཱརཀ་ལཱི་རྣམ་གཉིས་ནས་ངོ་སྤྲོད་གནང་ཡོད་པ་རེད།
གསར་འགོད་པ། སྐལ་ལྡན་བློ་གྲོས། བཀྲ་ཤིས་དབང་ཕྱུག བསྟན་འཛིན་པདྨ། ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།