རྒྱ་ནག་གིས་སྡེ་དགེ་ཕྱོགས་ནས་བོད་མི་མང་པོ་འཛིན་བཟུང་བྱས་བར་རྡ་རམ་ས་ལར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག

2024.02.22
རྒྱ་ནག་གིས་སྡེ་དགེ་ཕྱོགས་ནས་བོད་མི་མང་པོ་འཛིན་བཟུང་བྱས་བར་རྡ་རམ་ས་ལར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག རྒྱ་ནག་གིས་སྡེ་དགེ་ཕྱོགས་ནས་བོད་མི་མང་པོ་འཛིན་བཟུང་བྱས་བར་རྡ་རམ་ས་ལར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྐབས། ༠༢།༢༢།༢༠༢༤
བསྟན་འཛིན་ལེགས་སྨོན། /RFA

ཉེ་ལམ་རྒྱ་ནག་གིས་བཅད་བགོས་བྱས་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས། ཁམས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཀྱི་འབྲི་ཆུའི་འབབ་རྒྱུད་དུ་རྒྱ་ནག་གཞུང་གིས་ཆུ་གློག་ས་ཚིགས་གསར་རྒྱག་ཆེད། དབོན་པོ་སྟོད་ས་གནས་ཀྱི་བོད་མིའི་གྲོང་ཚོ་དང་དགོན་སྡེ་ཁག་ས་གནས་གཞན་དུ་གནས་སྤོས་བྱ་དགོས་ལུགས་ཀྱི་བཙན་བཀའ་བཏང་བར། བོད་མི་ཚོས་ཞི་བའི་སྒོ་ནས་ས་གནས་རྒྱ་ནག་གཞུང་ལ་གནས་སྤོ་བྱ་མི་དགོས་པའི་ཞུ་འབོད་དང་རེ་སྐུལ་རིམ་པ་གནང་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་ལ་ཉན་འཇོག་མི་བྱེད་པའི་ཁར། སྤྱི་ཟླ་༢པའི་ཚེས་༢༢ཉིན་ནས་ས་གནས་དེའི་དབོན་སྟོད་དགོན་དང་ཡེ་ན་དགོན་གྱི་དགེ་འདུན་པ་དང་། གྲོང་ཚོའི་ནང་གི་མི་ཕལ་ཆེ་བ་འཛིན་བཟུང་གིས་གཅར་རྡུང་བཏང་ཡོད་པར་བརྟེན། བཞུགས་སྒར་རྡ་རམ་ས་ལར་སྤྱི་ཚེས་༢༢ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་སྣེ་ཁྲིད་འོག་བོད་མི་ཚོས་སྡེ་དགེ་ས་གནས་ཀྱི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སོང་ལ། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་གཞིས་ལུས་བོད་མི་ཚོར་གདུག་རྩུབ་དང་མནར་གཅོད་དེ་འདྲ་བཏང་བར་མཐའ་གཅིག་ཏུ་དགག་པ་ཡོད་ལ། ས་གནས་བོད་མི་ཚོའི་རེ་འདོད་ལ་རྒྱ་ནག་གཞུང་གིས་ངེས་པར་དུ་ཉན་འཇོག་བྱ་དགོས་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

Protest in Dharamsala sympathy with Derge (1).JPG
ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ནང་གི་འགན་འཛིན་བསྟན་འཛིན་པ་སངས་ལགས་ནས་ཀྱང་། བོད་མི་ཚོས་ཆུ་མཛོད་གསར་རྒྱག་མཚམས་འཇོག་ཡོང་བར་ཞི་བའི་སྒོ་ནས་འབོད་སྐུལ་གནང་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་ལ་ཉན་འཇོག་མི་བྱེད་པ་དེར་ང་ཚོས་ངོ་རྒོལ་བྱེད་རྒྱུ་གལ་ཆེན་ཡིན་པ་ནི། བོད་མི་གནས་སྤོས་ཀྱི་གནས་ཚུལ་བོད་ཀྱི་ས་གནས་གང་ས་ལ་འབྱུང་གི་ཡོད་པས། བོད་ཀྱི་ཁོར་ཡུག་དང་བོད་མི་ལ་གནོད་འཚེ་ཚབས་ཆེན་ཕོག་གི་ཡོད་ཅིང་། འཛམ་གླིང་གི་གཞུང་མང་ཚང་མས་གནད་དོན་དེར་དོ་སྣང་བྱེད་རྒྱུ་གལ་ཆེན་དུ་མཐོང་བ་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་སྤྱི་ཟླ་༢པའི་ཚེས་༢༡ཉིན་ནས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཀྱི་དགོན་པའི་ཕྱག་མཛོད་དང་གྲོང་ཚོའི་མང་ཚོགས་ཀྱི་འཐུས་མི་མཉམ་དུ་སྐད་ཆ་བཤད་རྒྱུ་ཡིན་ལུགས་ཀྱིས་འབོད་འགུགས་བྱས་ཏེ། མཐར་བོད་མི་དེ་ཚོ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཐོག ས་གནས་དེ་ཁུལ་གྱི་གནས་ཚུལ་ཕྱི་ལ་མི་ཁྱབ་པའི་ཆེད་དྲ་རྒྱ་བཀག་སྡོམ་དང་ཁ་པར་བཙན་འཕྲོད་བྱེད་པ། བོད་མི་ཚོར་གང་བྱུང་ཉེས་རྡུང་བཏང་ནས་རྨས་སྐྱོན་ཕོག་པ་དང་། གྲོང་ཚོ་ཕན་ཚུན་ནང་བསྐྱོད་མི་ཆོག་པའི་བཀག་སྡོམ་བཀའ་རྒྱའང་བཏང་ཡོད་པ་རེད་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་འབོད་མ་བྱས་པའི་གནས་ཚུལ་མཁོ་སྤྲོད་པ་ཁག་ཅིག་གིས་བརྗོད་པར་གཞིགས་ན། ཕྱི་ཟླ་༢ཚེས་༢༢ རེས་གཟའ་ཕུར་བུའི་ཞོགས་པ་དཀར་མཛེས་ཁུལ་གྱི་སྡེ་དགེ་རྫོང་ཁོངས་སུ་ཡོད་པའི་དབོན་སྟོད་དགོན་དང་ཡེ་ན་དགོན་གྱི་དགེ་འདུན་པ་དང་། དགོན་པའི་ཉེ་འཁོར་ལ་གནས་པའི་མང་ཚོགས་མང་ཆེ་བ་ས་གནས་ཀྱི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་ཅིང་། སྐབས་དེ་དུས་ཟང་ཟིང་བྱུང་པའི་དབང་གིས་ས་གནས་རྒྱ་ནག་གི་ཉེན་རྟོག་པས་བོད་མིའི་ཐོག་སུར་པན་གྱི་ཆུ་གཏོར་བ་དང་གློག་འཁྱུད་ལག་ཆ་བེད་སྤྱོད་བྱས་པར་བརྟེན། མི་མང་པོར་རྨས་སྐྱོན་ཕོག་པ་དང་ཛ་དྲག་ངང་ཁག་ཅིག་སྡེ་དགེ་རྫོང་གི་སྨན་ཁང་དུ་མྱུར་སྐྱོབ་ཆེད་བསྐྱལ་དགོས་བྱུང་ཡོད་འདུག
བཙན་བྱོལ་ནང་གི་སྡེ་དགེ་དྲྭ་རྒྱའི་ནང་གནས་ཚུལ་བཀོད་པ་ལྟར་ན། དབོན་སྟོད་དགོན་ནི། ཆེས་སྔ་བའི་དུས་སུ་འདི་ནི་བོན་དགོན་ཞིག་ཡིན་ཞེས་བཤད། དེ་རྗེས་རྙིང་མར་གྱུར་པའི་ཁང་རྙིང་ད་ལྟའང་ཡོད། དེ་ནས་འགྲོ་མགོན་ཆོས་རྒྱལ་འགས་པ་རྒྱ་ནག་ནས་ཡར་ཕེབས་ལམ་ས་སྐྱར་ཞལ་བསྒྱུར། སྡེ་དགེ་ཆོས་རྒྱལ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་སྦྱིན་བདག་གནང་ནས་གཙུག་ལག་ཁང་ཀ་བ་བརྒྱ་དང་བཅུ་དྲུག་ཅན་རྟེན་དང་བརྟེན་པ་བཅས་བཞེངས། ད་ལྟ་བླ་གྲྭ་ང་བརྒྱད་ཡོད་འདུག
ཡེ་ན་དགོན་ནི། ཐོག་མར་འབྲུག་པ་བཀའ་བརྒྱུད་པ་ཡིན་པའི་ས་སེར་བླ་མ་བསོད་ནམས་རྒྱལ་མཚན་གྱིས་ཕྱག་བཏབ། དེའི་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པས་ས་སྐྱར་བསྒྱུར། དེ་ནས་སྡེ་དགེ་ཆོས་རྒྱལ་རིམ་བྱོན་དང་ངོར་གྱི་མཁན་རབས་རིམ་བྱོན་མཆོད་ཡོན་ཟུང་འབྲེལ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད། ད་ལྟ་བླ་གྲྭ་བདུན་ཅུ་ལྷག་ཡོད་འདུག


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎