བོད་ཤར་ཕྱོགས་ཁམས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཁུལ་དུ་བོད་མི་མང་པོ་འཛིན་བཟུང་བྱས་འདུག
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞིའི་ཆེད་བཙན་ཤེད་ངང་ས་གནས་མང་ཚོགས་གནས་སྤོ་དགོས་པའི་བཙན་བཀའ་བཏང་བར་གཟའ་འཁོར་སྔོན་མ་ནས་ས་གནས་མང་ཚོགས་ཀྱིས་ངོ་རྒོལ་མུ་མཐུད་བྱེད་བཞིན་པར་བརྟེན་དེ་རིང་ཕྱི་ཟླ་ ༢་ཚེས་༢༢ཉིན་དབོན་སྟོད་དགོན་དང་ཡེ་ན་དགོན་གྱི་དགེ་འདུན་པ་དང་མང་ཚོགས་བརྒྱ་ཕྲག་འཛིན་བཟུང་བྱས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་འབོད་མ་བྱས་པའི་གནས་ཚུལ་མཁོ་སྤྲོད་པ་ཁག་ཅིག་གིས་བརྗོད་པར་གཞིགས་ན། དེ་རིང་ཕྱི་ཟླ་ ༢ ཚེས་༢༢ རེས་གཟའ་ཕུར་བུའི་ཞོགས་པ་དཀར་མཛེས་ཁུལ་གྱི་སྡེ་དགེ་རྫོང་ཁོངས་སུ་ཡོད་པའི་དབོན་སྟོད་དགོན་དང་ཡེ་ན་དགོན་གྱི་དགེ་འདུན་པ་དང་དགོན་པའི་ཉེ་འཁོར་ལ་གནས་པའི་མང་ཚོགས་མང་ཆེ་བ་ས་གནས་ཀྱི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་ཅིང་། སྐབས་དེ་དུས་ཟང་ཟིང་བྱུང་པའི་དབང་གིས་གཞུང་ཕྱོགས་ཀྱི་ཉེན་རྟོག་དམག་མིས་སུར་པན་གྱི་ཆུ་དང་གློག་འཁྱུད་མེ་མདའ་བེད་སྤྱོད་བྱས་པར་བརྟེན། མི་མང་པོ་རྨས་སྐྱོན་བྱུང་བ་དང་ཛ་དྲག་ངང་སྡེ་དགེ་རྫོང་གི་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་ཡོད་འདུག
ཚེས་༢༢ཉིན་དབོན་སྟོད་དགོན་པར་གཞུང་ཕྱོགས་ཀྱི་ཉེན་རྟོག་དམག་མི་འབྱོར་ནས་དགེ་འདུན་པའི་ངུ་འབོད་ཞུ་བ་འཐེན་པར་རྩ་བ་ནས་ཉན་འཇོག་བྱེད་ཀྱི་མེད་པ་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་འབྱོར་པའི་བརྙན་པར་ཁག་ཅིག་ནང་གསལ་པོ་མཐོང་རྒྱུ་འདུག་ལ། དགེ་འདུན་པ་དང་མང་ཚོགས་འཛིན་བཟུང་བྱས་པའི་རྗེས་ཉེན་རྟོག་དམག་མིས་མཐའ་བསྐོར་ནས་བོད་མི་དེ་དག་དཀྱིལ་ལ་བཞག་སྟེ་པུས་མོ་བཙུགས་ནས་མར་སྡོད་ཟེར་ཉེན་རྟོག་པས་བརྗོད་པ་ཡང་བརྙན་ཐུང་དེ་ནས་གསལ་པོ་ཐོས་རྒྱུ་འདུག
གཞན་ཡང་ཉིན་ཤས་རིང་ས་གནས་ཀྱི་མང་ཚོགས་ཚོས་གློག་ཁང་གསར་རྒྱག་གི་ལས་གཞི་མཚམས་འཇོག་དགོས་པའི་ཞུ་འབོད་བྱས་ཡོད་རུང་། གཞུང་ཕྱོགས་ནས་ཉན་འཇོག་བྱས་མེད་ཅིང་། འོན་ཀྱང་ཚེས་༢༡ ཉིན་གྱི་དགོང་དྲོ་གཞུང་གི་ལས་བྱེད་པས་དབོན་སྟོད་དགོན་གྱི་ཕྱག་མཛོད་དང་གྲོང་ཚོའི་མང་ཚོགས་ཀྱི་འཐུས་མི་མཉམ་དུ་སྐད་ཆ་བཤད་རྒྱུ་ཡིན་སྐོར་བརྗོད་དེ་ཐུག་འཕྲད་བྱས་རྗེས། མཐར་འཛིན་བཟུང་བྱས་ཡོད་འདུག་ལ། ཚེས་༢༡ཉིན་ཕྱི་ཕྱོགས་ལ་འབྲེལ་བ་མེད་པ་བཟོ་ཆེད་དྲ་རྒྱ་བཀག་བསྡོམས་བྱས་འདུག གྲོང་ཚོའི་མང་ཚོགས་ཀྱིས་དགོན་པའི་ཕྱག་མཛོད་དང་མང་ཚོགས་ཀྱི་འཐུས་མི་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་མེད་པ་ཆགས་ཡོད་པ་རེད།
དེ་བཞིན་གཞུང་ཕྱོགས་ཀྱིས་ཚེས་༢༡ཉིན་ནས་གཞུང་ལམ་ཚང་མ་བཀག་པ་དང་གྲོང་ཚོ་དང་གྲོང་ཚོ་ཕན་ཚུན་ཉེན་རྟོག་པས་དམ་བསྒྲགས་བྱས་ཏེ་འབྲེལ་བ་མེད་པ་བཟོས་ཡོད་འདུག་ལ། གང་བྱུང་དུ་སྐྱོད་མི་ཆོག་པའི་བཀག་བསྡོམས་བྱས་པ་དང་། དབོན་སྟོད་དགོན་གྱི་དགེ་འདུན་པས་ལྟ་ཞིབ་བཀག་བསྡོམས་བྱེད་མཁན་གྱི་ཉེན་རྟོག་པར་ཟ་མ་སྤྲོད་པ་སོགས་མཐུན་ཐབས་བྱས་ནས་དེའི་སྐབས་ཕན་ཚུན་འཁྲུག་འཛིང་གང་ཡང་བྱུང་མི་འདུག
འོན་ཀྱང་ཚེས་༢༢ཉིན་གྱི་ཞོགས་པ་ཉེན་རྟོག་པས་དགེ་འདུན་པ་དང་མང་ཚོགས་འཛིན་བཟུང་བྱས་ཏེ་དབོན་སྟོད་དགོན་དང་གྲོང་ཚོའི་ནང་རྒན་ཁོག་དང་ཕྲུ་གུ་ཕུད་དེ་མིན་མི་མང་ཆེ་བ་འཛིན་བཟུང་བྱས་ཡོད་འདུག་པར་མ་ཟད། ད་དུང་ཉེས་རྡུང་དྲག་པོ་བཏང་ཡོད་འདུག ད་ལྟའི་ཆར་མི་དམངས་ཀྱི་ལག་ཐོག་ཁ་པར་གཞུང་བཞེས་བཏང་སྟེ་ཕྱི་ལ་བརྙན་པར་སོགས་འབྲེལ་ཡོད་གནས་ཚུལ་འགྲེམས་སྤེལ་མི་ཆོག་པ་བཟོས་འདུག དེ་བཞིན་ཡེ་ན་དགོན་གྱི་དགེ་འདུན་པ་དང་མང་ཚོགས་མང་པོ་འཛིན་བཟུང་བྱས་ཏེ་གནས་སྟངས་གཅིག་མཚུངས་ཆགས་སྐོར་བོད་ནས་འབྲེལ་ཡོད་མི་སྣས་ངོ་སྤྲོད་གནང་བྱུང་།
ད་ལྟ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཆ་དབྱེ་སྟངས་ལྟར་བྱས་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་དགེ་རྫོང་དབོན་པོ་སྟོད་ཁུལ་དང་། བོད་རང་སྐྱོང་ལྗོངས་ཆབ་མདོ་ཁུལ་གྱི་འཇོ་མདའ་རྫོང་ཁོངས་སུ་སྐམ་ཐོག་གློག་ཁང་ཟེར་བ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་འདི་ནི་རྒྱ་ནག་གི་ཧཱ་ཏན་ཚོང་གཉེར་ཁང་གིས་(China Huadian Corproration LTD)་ཁྱབ་ཁོངས་ཀྱི་(Hudian Jinsha River upstream hydropower development Co.LTD)་གསར་སྤེལ་ལས་གཞི་ཞིག་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། སྐམ་ཐོག་གློག་ཁང་འདི་འཛུགས་སྐྲུན་ལེགས་གྲུབ་བྱུང་པའི་མཚམས་འདིར་(1.1 million kilowatts)་གློག་ནུས་ཡོད་པ་བརྗོད་འདུག ལས་གཞི་འདི་ནི་རྒྱ་ནག་གི་ལོ་ལྔ་ཚན་བཅོ་བཞིའི་འཆར་གཞིའི་ཁོངས་སུ་གཏོགས་པ་ཞིག་རེད་འདུག འབྲི་ཆུའི་བརྒྱུད་ལ་རྒྱ་ནག་གཞུང་གིས་ཐེམ་བརྩེགས་ལྟ་བུའི་གློག་ཁང་ཁང་སྐྲུན་རྒྱུའི་འཆར་གཞི་འདིའི་ཁྱབ་ཁོངས་སུ་རྒྱ་ནག་གིས་བརྗོད་པར་གཞིགས་ན། ཡུན་ནན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན། བོད་རང་སྐྱོང་ལྗོངས་སོགས་ཚུད་ཀྱི་ཡོད་པའི་ས་ཆ་མང་ཆེ་བ་བོད་ཀྱི་ས་ཁུལ་ཡིན་ཞིང་། ཡུལ་མི་གནས་སྤོས་ཀྱི་གྲངས་འབོར་ནི་འབུམ་བརྒལ་གྱི་ཡོད་འདུག ད་རེས་སྐམ་ཐོག་གློག་ཁང་རྒྱག་ཡུལ་ས་གནས་སུ་མཚོན་ན། དགོན་པ་མང་པོ་ཡོད་པའི་ཐོག་དམིགས་བསལ་དབོན་པོ་སྟོད་གྲོང་ཚོར་ཡོད་པའི་དབོན་སྟོད་དགོན་པར་དུས་རབས་༡༤ནས་དུས་རབས་༡༥བར་གྱི་ལྡེབས་རིས་རྙིང་པ་ཁག་ཅིག་མཇལ་རྒྱུ་ཡོད་པ་འདི་ཁམས་ཁུལ་གྱི་དགོན་པའི་ནང་ལྡེབས་རིས་རྙིང་ཤོས་ཡིན་པ་བརྗོད་འདུག ཤིས་པ་གྲོང་ཚོར་ཡོད་པའི་ཡེ་ན་དགོན་པར་ཡང་ལྡེབས་རིས་རྙིང་པ་ཡོད་འདུག བོད་ཀྱི་འབྲི་ཆུའི་ཁུལ་དུ་ཆུ་མཛོད་དང་གློག་ཁང་མང་དག་ཅིག་འཛུགས་སྐྲུན་བྱེད་དང་བྱེད་བཞིན་ཡོད་པ་འདི་རྣམས་ཀྱིས་ཉིན་རེ་བཞིན་དགོས་མཁོ་ཤུགས་ཆེ་རུ་ཕྱིན་པའི་རྒྱ་ནག་གི་ས་ཁུལ་ཁག་ནང་གི་གློག་ནུས་མཁོ་སྤྲོད་བྱེད་རྒྱུར་དམིགས་པ་ཞིག་ཡིན་པ་བརྗོད་མཁན་འདུག
གསར་འགོད་པ། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།