མཁས་པའི་དུས་དེབ་གྲགས་ཅན་ཞིག་གིས་རྒྱ་ནག་ནས་བྲིས་བའི་རྩོམ་ཁག་ཅིག་འགྲེམས་སྤེལ་ཕྱིར་བསྡུ་བྱས་འདུག

2024.02.15
མཁས་པའི་དུས་དེབ་གྲགས་ཅན་ཞིག་གིས་རྒྱ་ནག་ནས་བྲིས་བའི་རྩོམ་ཁག་ཅིག་འགྲེམས་སྤེལ་ཕྱིར་བསྡུ་བྱས་འདུག བོད་མི་གཙོས་ལས་འགུལ་བ་ཚོས་ཨ་རིའི་ཚན་རྩལ་ཁེ་གཉེར་ཁང་ལ་ཞུ་གཏུག་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་བའི་ལས་འགུལ་གསལ་བསྒྲགས།
སྒྲིག་བཟོ། /SFT

དེ་ཡང་དབྱིན་ཇིའི་(The Guardian)་ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། འགྲོ་བ་མིའི་ཁྲག་རྒྱུད་རིགས་རྫས་(DNA)་དང་འབྲེལ་བ་ཨ་མི་རི་ཀའི་(Wiley)་ཞེས་པའི་དཔར་བསྐྲུན་ཁང་གིས་དཔར་བསྐྲུན་གནང་བཞིན་པའི་(Molecular Genetics & Genomic Medicine)་ཞེས་པའི་གྲགས་ཅན་དུས་དེབ་སྟེང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་བློ་འཚབ་ཀྱིས་རྒྱ་ནག་གི་མཁས་བ་ཁག་ཅིག་གིས་བྲིས་པའི་རྩོམ་ཡིག་ཤོག་གྲངས་བཅོ་བརྒྱད་དཔར་འགྲེམས་བྱེད་རྒྱུ་འདི་ཚེས་༡༢ཉིན་ཕྱིར་བསྡུ་གནང་ཡོད་པ་དང་། དེ་ནི་མཁས་པའི་རྩོམ་ཤོག་མང་ཤོས་ཤིག་ཕྱིར་བསྡུ་བྱས་པ་ཆགས་ཀྱི་ཡོད་པ་གནས་ཚུལ་ནང་བཀོད་འདུག
དེའི་རྒྱུ་མཚན་ནི་རྩོམ་པ་པོ་དེ་དག་དང་རྩོམ་འབྲི་གཞི་འཇོག་ཡུལ་དོ་དག་རྣམ་པའི་བར་མོས་མཐུན་གྱི་ཡིག་ཆ་ཁ་མཐུན་མིན་ཡོད་པས་ཡིན་པ་དང་། གོང་ཞུས་རྒྱ་ནག་གི་རྩོམ་པ་པོ་ཁག་ཅིག་རྒྱ་ནག་མི་དམངས་སྤྱི་བདེ་ལས་ཁུངས་དང་འབྲེལ་བ་ཡོད་པ་མ་ཟད། རྩོམ་དེ་དག་གཞི་བཅོལ་ཡུལ་དོ་བདག་ཚོས་རང་དབང་ཐོག་མོས་མཐུན་བྱས་མེད་པའི་སྐོར་འགྲོ་བ་མིའི་ཁྲག་རྒྱུད་རིག་རྫས་ཐོག་ཞིབ་འཇུག་གནང་མཁན་མཁས་དབང་སློབ་དཔོན་སྐུ་ཞབས་(Yves Moreau)་ཡིས་གསུངས་འདུག ཁོང་ནི་ཡོ་རོབ་(Belgium)་རྒྱལ་ཁབ་ཀྱི་(University of Leuven)་ཞེས་པའི་གཙུག་ལག་སློབ་གཉེར་ཁང་དེར་ཕྱག་ལས་གནང་མཁན་ཞིག་ཡིན་པ་རེད་འདུག
གཞན་གོང་ཞུས་དཔར་འགྲེམས་ཕྱིར་བསྡུ་གནང་བའི་རྩོམ་ཡིག་ཁག་ཅིག་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་བོད་མི་གྲངས་བརྒྱ་དང་ཉི་ཤུའི་(DNA)་ཁྲག་རྒྱུད་རིགས་རྫས་བསྡུ་ལེན་ལ་གཞི་བཞག་ཡོད་པ་དང་། དེའི་རྩོམ་པ་པོ་ནི་རྒྱ་ནག་གི་(Fudan University)་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་(Xi Jianhui)་ཞུ་བ་ཞིག་ཡིན་པ་དང་། ཁོང་ནི་རྒྱ་ནག་གི་སྤྱི་བདེ་ལས་ཁུངས་ཙམ་མ་ཟད། བོད་ནང་གི་རྒྱ་ནག་གི་སྤྱི་བདེ་ལས་ཁུངས་དང་འབྲེལ་བ་ཡོད་མཁན་ཞིག་ཡིན་པ་རེད་འདུག ད་དུང་རྩོམ་ཅིག་རྒྱ་ནག་གིས་ཤིང་ཅང་ཞེས་འབོད་པའི་ཤར་ཏུར་ཀིསུ་ཏན་གྱི་ཀཤགྷར་གྲོང་ཁྱེར་ནང་གནས་སྡོད་གནང་མཁན་ཡུ་གུར་བ་མི་གྲངས་༣༤༠ཡི་(DNA)་བསྡུ་རུབ་བྱས་བ་གཞི་ལ་བཞག་ནས་བྲིས་ཡོད་པ་གནས་ཚུལ་ནང་བཀོད་འདུག
ཨ་རིའི་གྲོང་ཁྱེར་(Boston)་ནང་ཡོད་པའི་(Thermo Fisher)་ཚན་རྩལ་ཁང་གིས་བཟོས་པའི་མིའི་ཁྲག་རྒྱུད་རིགས་རྫས་ངོས་འཛིན་གྱི་འཕྲུལ་རྩལ་(Human Identification technology)་གྱི་(DNA)་ཁྲག་རྒྱུད་རིགས་རྫས་བརྟག་དཔྱད་ཡོ་ཆས་དེ་དག་རྒྱ་ནག་གཞུང་གིས་བེད་སྤྱོད་ཀྱིས་བོད་ནང་གི་བོད་མིའི་ཁྲག་རྒྱུད་རིགས་རྫས་(DNA)་བསྡུ་རུབ་བྱེད་བཞིན་ཡོད་པ་བོད་དོན་འཐབ་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་གསལ་སྟོན་བྱས་ནས་(Thermo Fisher)་ཚན་རྩལ་ཁང་ལ་ངོ་རྒོལ་རིམ་པ་བྱས་བའི་རྗེས། (Thermo Fisher)་ཚན་རྩལ་ཁང་གིས་འཕྲུལ་རིག་དེ་དག་༢༠༢༣ལོའི་ཕྱི་ཟླ་༡༢བའི་ཚེས་༣༡ཉིན་ནས་བཟུང་། བོད་ནང་ཚོང་བསྒྱུར་བྱེད་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་དང་། སྐབས་དེར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་(Thermo Fisher)་ཚན་རྩལ་ཁེ་གཉེར་ལས་ཁང་ལ་(DNA)་བརྟག་དཔྱད་ཡོ་ཆས་དེ་དག་རྒྱ་ནག་ལ་མུ་མཐུད་དུ་ཚོང་བསྒྱུར་བྱེད་མིན་དོགས་འདྲི་བྱས་བར། ཁོང་ཚོས་ཡིག་ཐོག་ལན་འདེབས་གནང་བའི་ནང་། མིའི་རིགས་རྒྱུད་ངོས་འཛིན་བྱེད་སྤྱད་ཀྱི་འཕྲུལ་རིག་ཡོ་ཆས་རྣམས་ཞིབ་བཤེར་གྱི་ལས་དོན་ཆེད་ཉེས་ཅན་པ་ངོས་འཛིན་བྱེད་ཆེད་དང་། མི་གང་བྱུང་ཁྲིད་པ། བདེན་མིན་ནག་ཉེས་ཕོག་པ་རྣམས་ལ་ཉེས་པ་གུ་ཡངས་ཡོང་སླད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་བརྗོད་དེ། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་རྒྱུན་ལྡན་བཞིན་ཚོང་བསྒྱུར་བྱས་ཡོད་པ། རྒྱུ་མཚན་ཁག་ཅིག་ལ་བརྟེན་ནས་༢༠༢༣ལོའི་དཀྱིལ་ནས་མཚམས་འཇོག་བྱས་པ་ཡིན་ཞེས་དང་། ད་ཆ་མུ་མཐུད་མི་ངོ་ཆོད་བྱེད་འཕྲུལ་རྩལ་ཡོ་ཆས་དེ་དག་ཚོང་བསྒྱུར་བྱེད་ཀྱི་མེད་ཅེས་ལན་འདེབས་གནང་འདུག


གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎