ཨ་རིའི་ཚན་རྩལ་ཁང་ཞིག་གིས་བོད་ནང་(DNA)བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་བྱེད་རྒྱུ་མིན་པ་བསྒྲགས་འདུག

2024.01.03
ཨ་རིའི་ཚན་རྩལ་ཁང་ཞིག་གིས་བོད་ནང་(DNA)བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་བྱེད་རྒྱུ་མིན་པ་བསྒྲགས་འདུག ཨ་རིའི་ཚན་རྩལ་ཁང་(Thermo Fisher)་ཡིས་བོད་ནང་(DNA)་བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་བྱེད་རྒྱུ་མིན་པ་བསྒྲགས་པའི་རྗེས་བོད་རང་དབང་ཚོགས་པ་སོགས་ཀྱིས་དགའ་བསུ་བྱས་པ།
freetibetorg /sft_international

དེ་ཡང་ཨ་རིའི་གྲོང་ཁྱེར་(Boston)་ནང་ཡོད་པའི་(Thermo Fisher)་ཚན་རྩལ་ཁང་གིས་བཟོས་པའི་མིའི་རིགས་རྒྱུད་ངོས་འཛིན་གྱི་འཕྲུལ་རྩལ་(Human Identification technology)་གྱི་(DNA)་ཁྲག་རིགས་རྒྱུད་རྫས་བརྟག་དཔྱད་ཡོ་ཆས་དེ་དག་རྒྱ་ནག་གཞུང་གིས་བེད་སྤྱོད་ཀྱིས་བོད་ནང་གི་བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་བྱེད་བཞིན་ཡོད་པ་བོད་དོན་འཐབ་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་གསལ་སྟོན་བྱས་ནས་ད་བར་(Thermo Fisher)་ཚན་རྩལ་ཁང་ལ་ངོ་རྒོལ་རིམ་པ་བྱས་ཡོད་པ་རེད།
དེ་བས་(Thermo Fisher)་ཚན་རྩལ་ཁང་གིས་འཕྲུལ་རིག་དེ་དག་༢༠༢༣ལོའི་ཕྱི་ཟླ་༡༢བའི་ཚེས་༣༡ཉིན་ནས་བཟུང་། བོད་ནང་ཚོང་བསྒྱུར་བྱེད་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་(Thermo Fisher)་ཚན་རྩལ་ཁེ་གཉེར་ལས་ཁང་ལ་(DNA)་བརྟག་དཔྱད་ཡོ་ཆས་དེ་དག་རྒྱ་ནག་ལ་མུ་མཐུད་དུ་ཚོང་བསྒྱུར་བྱེད་མིན་དོགས་འདྲི་བྱས་བར། ཁོང་ཚོས་ཡིག་ཐོག་ལན་འདེབས་གནང་བའི་ནང་། མིའི་རིགས་རྒྱུད་ངོས་འཛིན་བྱེད་སྤྱད་ཀྱི་འཕྲུལ་རིག་ཡོ་ཆས་རྣམས་ཞིབ་བཤེར་གྱི་ལས་དོན་ཆེད་ཉེས་ཅན་པ་ངོས་འཛིན་བྱེད་ཆེད་དང་། མི་གང་བྱུང་ཁྲིད་པ། བདེན་མིན་ནག་ཉེས་ཕོག་པ་རྣམས་ལ་ཉེས་པ་གུ་ཡངས་ཡོང་སླད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་བརྗོད་དེ། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་རྒྱུན་ལྡན་བཞིན་ཚོང་བསྒྱུར་བྱས་ཡོད་པ། རྒྱུ་མཚན་ཁག་ཅིག་ལ་བརྟེན་ནས་༢༠༢༣ལོའི་དཀྱིལ་ནས་མཚམས་འཇོག་བྱས་པ་ཡིན་ཞེས་དང་། ད་ཆ་མུ་མཐུད་མི་ངོ་ཆོད་བྱེད་འཕྲུལ་རྩལ་ཡོ་ཆས་དེ་དག་ཚོང་བསྒྱུར་བྱེད་ཀྱི་མེད་ཅེས་ལན་འདེབས་གནང་འདུག

Thermo Fisher_Tibet_DNA Collection_Timeline graphic_Jan 3.jpg

འདས་པའི་ལོ་གཅིག་ཙམ་གྱི་རིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། དབྱིན་ཡུལ་དུ་ཡོད་པའི་བོད་རང་དབང་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་ཀྱིས་ཚན་རྩལ་ཁང་དེས་རྒྱ་ནག་ལ་ཚོང་བསྒྱུར་བྱེད་བཞིན་པའི་འཕྲུལ་རིག་ཡོ་ཆས་དེ་དག་བོད་མིའི་ཐོག་དྲག་གནོན་བྱེད་རྒྱུའི་ལག་ཆར་བེད་སྤྱོད་བྱེད་བཞིན་ཡོད་སྟབས། ཐེར་མོ་ཧྥི་ཤར་གྱི་ངོས་ནས་རྒྱ་ནག་གཞུང་ལ་འཕྲུལ་རིག་དེ་དག་བཙོང་རྒྱུ་མཚམས་འཇོག་བྱེད་དགོས་པའི་ཞུ་སྐུལ་དང་། ཚན་རྩལ་ཁང་དེའི་ལས་ཁུངས་ཡན་ལག་གང་སར་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད་ལ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ལས་འགུལ་སྣེ་ཁྲིད་པ་བསྟན་འཛིན་དབྱངས་འཛོམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། གོང་བརྗོད་ཚོགས་པ་དེ་དག་གིས་འདས་བའི་ལོ་ངོ་གཅིག་ཙམ་རིང་ཞུ་སྐུལ་དང་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་བ་ལྟར། ད་རེས་༢༠༢༤་སྤྱི་ལོ་གསར་བ་ནས་ཨ་རིའི་གྲོང་ཁྱེར་(Boston)་ནང་ཡོད་པའི་(Thermo Fisher)་ཚན་རྩལ་ཁང་གིས་འཕྲུལ་རིགས་ཡོ་ཆས་དེ་དག་བོད་ནང་ཚོང་བསྒྱུར་བྱེད་རྒྱུ་མིན་ལུགས་གསལ་བསྒྲགས་སྤེལ་བར་དགའ་བསུ་ཞུ་རྒྱུ་ཡིན་པ་གསུངས་བྱུང་།
ཨ་རིའི་གྲོས་ཚོགས་ཀྱི་ཕྲི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Michael McCaul)་ལགས་ཀྱིས་དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་ནས་དགོངས་ཚུལ་གསུངས་པའི་ནང་། དུས་ནས་དུས་སུ་རྒྱ་ནག་དམར་ཤོག་ཚོགས་པས་ཁྲག་རིགས་རྒྱུད་རྫས་བརྟག་དཔྱད་ཡོ་ཆས་དང་འཕྲུལ་རིགས་སྣ་ཚོགས་བེད་སྤྱོད་ཀྱིས་མི་དམངས་ལ་ཞིབ་བཤེར་དང་འགོག་གནོན་བྱེད་རྒྱུ། དམར་ཤོག་ཚོགས་པར་མོས་མཐུན་མི་བྱེད་མཁན་གྱི་མི་སྣ་དམིགས་འབེན་དུ་བཟུང་ནས་ལྟ་ཞིབ་བྱེད་བཞིན་པ་མཐོང་རྒྱུ་ཡོད་ཅིང་། ཐེར་མ་ཧྥི་ཤུར་ཚན་རྩལ་ཁང་གིས་ཡོ་ཆས་དེ་དག་རྒྱ་ནག་ལ་ཚོང་བསྒྱུར་བྱེད་རྒྱུ་བཀག་འགོག་བྱས་པ་འདི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡིན། དེ་བཞིན་ཚོང་འབྲེལ་སྡེ་ཁག་གཞན་ཚོས་ཀྱང་གཅིག་མཚུངས་ལག་བསྟར་བྱ་དགོས་པ་རེད་ཅེས་དང་། ཨ་རིའི་ཚོང་འབྲེལ་སྒྲིག་འཛུགས་ཚོས་མི་མང་ལ་གཉའ་གནོན་བྱེད་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་ལ་རོགས་འདེགས་བྱེད་མི་འོས་བ་གསུངས་འདུག
དེའི་གོང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། རྒྱ་ནག་ཐོག་གི་དམིགས་བསལ་ཚོགས་ཆུང་སོགས་ཀྱི་ངོས་ནས་ཀྱང་ཚན་རྩལ་ལས་ཁང་དེར་མིའི་རིགས་རྒྱུད་ངོས་འཛིན་བྱེད་སྤྱད་འཕྲུལ་རིག་དེ་དག་རྒྱ་ནག་ལ་ཚོང་རྒྱུ་མཚམས་ཡོང་བར་གནོན་ཤུགས་ཆེན་པོ་སྤྲད་ཡོད་པ་དང་། འདི་ཚེས་༣་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཆེས་མཐོའི་ལས་དོན་ལྷན་ཚོགས་ཀྱི་(X)་སྤྱི་ཚོགས་དྲྭ་རྒྱའི་སྟེང་། (Thermo Fisher)་ཚན་རྩལ་ཁང་གིས་བོད་ནང་དུ་རྒྱ་ཁྱབ་ཆེན་པོས་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་བྱེད་སྤྱད་ཡོ་ཆས་བཙོང་རྒྱུ་མཚམས་འཇོག་བྱེད་པའི་ཐག་གཅོད་ཀྱི་འཕེལ་རིམ་འདི་ནི་རྒྱུན་རིང་གོང་ནས་གནང་དགོས་པ་ཞིག་ཡིན་ཞེས་དང་། འོན་ཀྱང་ལྷན་ཚོགས་ཀྱི་ཚོགས་གཙོས་ཕྱི་ཟླ་༡༠པའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Blinken)་དང་། ཚོང་འབྲེལ་དཔལ་འབྱོར་བློན་ཆེན་(Raimondo)་བཅས་ལ་འབོད་སྐུལ་གནང་པ་ལྟར། ད་ཆ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་མྱུལ་ཞིབ་ལྟ་བཤེར་གྱི་འཕྲུལ་རིགས་ཡོ་ཆས་ཕྱིར་ཚོང་འདྲེན་ཐད་ལ་སྟངས་འཛིན་བྱ་རྒྱུ་འདི་གལ་ཆེན་པོ་རེད་ཅེས་བཀོད་འདུག


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རོགས་སྐྱོར་མ་དངུལ་མཚམས་འཇོག་བྱས་པར་བརྟེན་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གི་ལས་དོན་རྣམས་མཚམས་འཇོག་བྱེད་སྲིད།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎