བོད་ཀྱི་གཏེར་ཁའི་ཐོན་ཁུངས་དང་རྒྱ་ནག་གི་ཁེ་ཕན།

བོད་ཀྱི་ཚྭ་མཚེའུ་གསར་སྤེལ་བྱས་ཏེ་ནུས་པའི་བྱུང་ཁུངས་འཕོ་འགྱུར་དང་བོད་མིའི་གནས་སྟངས།

འཛམ་གླིང་ཡོངས་ཀྱི་ནུས་པའི་བྱུང་ཁུངས་གསར་པའི་དགོས་མཁོ་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་འོག་རྒྱ་ནག་གཞུང་གིས་བོད་ཀྱི་ཚྭ་མཚེའུ་ལས་ཐོན་པའི་ལི་གཏེར་ (Lithium) དང་ཚ་ལ་དཀར་པོ་ (Boron) སོགས་གལ་ཆེའི་གཏེར་ཁ་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་ལ། འདི་ནི་ལོ་ལྔ་ཚན་བཅོ་ལྔའི་བོད་ནང་གི་གསར་སྤེལ་ལས་གཞི་ཞིག་ཀྱང་ཆགས་ཡོད་འདུག འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ཀྱིས་འདི་ནི་ཁོར་ཡུག་འབག་བཙོག་མེད་པ་དང་སྐྱེ་ཁམས་དོ་སྙོམས་ལྡན་པའི་གསར་སྤེལ་དང་དཔལ་འབྱོར་གྱི་གོ་སྐབས་ཞིག་ཡིན་པ་ནན་བརྗོད་བྱས་པ་དང་དུས་མཚུངས། གསར་སྤེལ་ཁུལ་གྱི་མི་སེར་གྱི་དངོས་ཡོད་སྐད་ཆ་དག་ཕྱི་ཕྱོགས་སུ་ཐོན་དཀའ་ཞིང་། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེ་དང་། ཡུལ་མི་གནས་སྤོས་སོགས་ཀྱི་དཀའ་ངལ་ཡང་རིམ་བཞིན་ཐོན་བཞིན་ཡོད་འདུག

འཛམ་གླིང་ཡོངས་སུ་གློག་གི་མོ་ཌའི་གློག་རྫས་དང་ནུས་པའི་བྱུང་ཁུངས་གསར་པའི་རྒྱུ་ཆའི་དགོས་མཁོ་འདི་ཆེ་རུ་འགྲོ་བཞིན་ཡོད་པ་དང་བསྟུན། རྒྱ་ནག་གཞུང་གིས་དམིགས་ཡུལ་བཙུགས་ས་གཙོ་བོ་ཞིག་བོད་མཐོ་སྒང་གི་ཚྭ་མཚེའུ་ཡི་ཐོན་ཁུངས་འདི་ཆགས་ཡོད།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་དང་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་གནང་པར། རྒྱ་ནག་གཞུང་གིས་འཛམ་གླིང་ལ་མགོ་སྐོར་ཆེན་པོ་ཞིག་བཏང་ནས་ཡོད། འཛམ་གླིང་ཐོག་གློག་གི་མོ་ཌ་བཟོ་སྐྲུན་བྱེད་མཁན་གཞི་རྒྱ་ཆེ་ཤོས་དང་ཕྱི་ཕྱོགས་སུ་ཚོང་གཉེར་བྱེད་མཁན་ཆེ་ཤོས་འདི་རྒྱ་ནག་ཆགས་ཡོད་ཅིང་། དེ་བཞིན་འཛམ་གླིང་ཐོག་ཉི་གློག་གི་འཕྲུལ་ཆས་བཟོ་སྐྲུན་དང་ཕྱི་ཕྱོགས་སུ་ཚོང་འབྲེལ་གཞི་རྒྱ་ཆེ་ཤོས་འདི་རྒྱ་ནག་ཆགས་ཡོད། གློག་དང་འབྲེལ་བའི་འཕྲུལ་ཆས་འཁོར་རྒྱུག་ལ་གློག་རྫས་དགོས་ཀྱི་ཡོད་དུས། གློག་རྫས་ཀྱི་རྒྱུ་ཆར་ཟངས་དང་ལི་མང་པོ་དགོས་ཀྱི་ཡོད་པས། དེར་བརྟེན་རྒྱ་ནག་གཞུང་གིས་ཟངས་དང་ལི་གཏེར་མང་ཤོས་འདི་བོད་དང་སོག་ཡུལ་ནས་བཏོན་གྱི་ཡོད་པ་མ་ཟད། དམིགས་བསལ་བོད་ནང་ནས་ཟངས་གཏེར་སྔོན་མ་ནས་ཕོན་ཆེན་བཏོན་གྱི་ཡོད་ལ། ཉེ་བའི་ཆར་ལི་གཏེར་ཕོན་ཆེན་ཁག་ཅིག་བོད་ཀྱི་ཁམས་ཕྱོགས་དང་བོད་ཀྱི་མངའ་རིས། བྱང་ཐང་སོགས་ལ་ཡོད་པའི་ཚྭ་མཚོ་ནས་བཏོན་བཞིན་ཡོད་ཅེས་གསུངས་བྱུང་།

བོད་ཀྱི་གཏེར་ཁའི་ཐོན་ཁུངས་དང་རྒྱ་ནག་གི་ཁེ་ཕན།
བོད་ཀྱི་གཏེར་ཁའི་ཐོན་ཁུངས་དང་རྒྱ་ནག་གི་ཁེ་ཕན། བོད་ཀྱི་གཏེར་ཁའི་ཐོན་ཁུངས་དང་རྒྱ་ནག་གི་ཁེ་ཕན། (People's Daily)

བོད་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་འཚོལ་ཐོན་འབྱེད་ལས་ཁུངས་ཀྱི་དྲ་ཚིགས་ཐོག་ཟླ་ ༤ ཚེས་ ༡༧ ཉིན་གནས་ཚུལ་སྤེལ་བར། བོད་རང་སྐྱོང་ལྗོངས་ས་གཤིས་རུ་ཆེན་གཉིས་པ་དང་རྒྱ་ནག་ཚན་རིག་གླིང་གི་མཚོ་སྔོན་ཚྭ་མཚེའུ་ཞིབ་འཇུག་ཁང་གིས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཚྭ་མཚེའུ་ཡི་གཏེར་ཁའི་ཐོན་ཁུངས་ཀྱི་ཚན་རིག་ཞིབ་འཇུག་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་བརྗོད་བྱས་པ་མ་ཟད། ད་དུང་གཏེར་ཁ་གྲུབ་པའི་ཆོས་ཉིད་དང་གསར་སྤེལ་གྱི་ལམ་ཞིག་འཚོལ་ཞིབ་བྱ་རྒྱུའི་གྲོས་འཆར་བཏོན་ཡོད་འདུག འདི་ནི་བོད་ཀྱི་ཚྭ་མཚེའུ་ཡི་ཐོན་ཁུངས་གསར་སྤེལ་གྱི་ལས་གཞིའི་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མངོན་ཡོད།

ཡང་དེ་དང་དུས་མཚུངས་རྒྱ་ནག་གི་ཁེ་ལས་ཚན་པ་ཁག་གིས་བོད་ཀྱི་ས་ཁུལ་ནང་དངོས་སུ་གསར་སྤེལ་ལས་གཞི་སྤེལ་འགོ་བཙུགས་ཡོད་པ་སྟེ། བོད་ཀྱི་མངའ་རིས་ཁུལ་གྱི་སྒེར་རྩེ་རྫོང་དུ་ཡོད་པའི་མ་མི་མཚོའི་ལི་གཏེར་དང་ཚྭ་ལ་དཀར་པོའི་ལས་གཞི་ལག་བསྟར་ཆོག་པའི་ཆོག་མཆན་སྤྲད་པ་དང་། སྔོན་དཔག་བྱས་ན། ལོ་རེར་ཊོན་ཁྲི་ལྔ་ཡི་ལི་ཐན་སྐྱུར་ཚྭ་ཐོན་སྐྱེད་བྱེད་འཆར་ཡོད་པ་བརྗོད་འདུག མངའ་རིས་ལག་སྐོར་མཚོ་ནས་ལི་གཏེར་བཏོན་འགོ་བཙུགས་པ་དང་། ཡང་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་གྲབ་ཡེར་ཚྭ་ཁའི་ལི་གཏེར་ནི་ཨེ་ཤེ་ཡའི་ཁུལ་གྱི་གཞི་རྒྱ་ཆེ་ཤོས་འདི་ཆགས་ཡོད་ཅིང་། ལས་གཞི་འདི་ནི་ལི་ཐན་སྐྱུར་ཚྭ་ཊོན་ཁྲི་ཡི་ལས་གཞི་ཞིག་ཡིན་སྐོར་བརྗོད་པ་དང་། ད་ལྟའི་ཆར་སྔོག་འདོན་ལས་སྣོན་གྱིས་ཐོན་སྐྱེད་བྱེད་བཞིན་པའི་གནས་སྟངས་ཤིག་རེད་འདུག

གཞུང་གི་དཔྱད་གཞིའི་ནང་བཀོད་པར། ལས་གཞི་འདིའི་ཁྲོད་ནས་ལི་གཏེར་གྱི་ཐོན་ཁུངས་ལེན་རྒྱུ་དང་། འཐུས་སྒོ་ཚང་བའི་བཟོ་ལས་འཁོར་ཐག་ཅིག་བསྐྲུན་ཏེ་རྒྱ་ནག་གི་ནུས་པའི་བྱུང་ཁུངས་གསར་པའི་ཐོན་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བརྗོད་འདུག

གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་གྲབ་ཡེར་ཚྭ་ཁ།
བོད་ཀྱི་གཏེར་ཁའི་ཐོན་ཁུངས་དང་རྒྱ་ནག་གི་ཁེ་ཕན། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་གྲབ་ཡེར་ཚྭ་ཁ། (People's Daily)

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་བོད་ཀྱི་ཆུ་བོ་ཆེ་ཁག་གི་གནད་འགག་སོགས་ངོ་སྤྲོད་གནང་བར། ཡར་ཀླུང་གཙང་པོ་དང་རྨ་ཆུ། འབྲི་ཆུ་སོགས་ཚང་མ་ནི་ཆུ་བོ་ཆེ་ཁག་གི་བྱུང་ཁུངས་ཆགས་ཀྱི་ཡོད་དུས། ཚྭ་མཚེའུ་ཡི་གསར་སྤེལ་བྱས་པ་འདིས་ཆུ་བོའི་བྱུང་ཁུངས་དང་གནས་བབ་ལ་ཁྱད་པར་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད། དེ་མིན་ཆུ་བོ་འདི་དག་གི་ཁྲོད་ནས་བྱ་བྱིའུ་ལ་སོགས་པའི་སྲོག་ཆགས་ཀྱི་འཚོ་བར་ཡང་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད། བོད་ཀྱི་ཆུ་བོའི་སྟེང་ནས་གཏེར་ཁ་སྔོག་འདོན་བྱས་པ་འདིས་རྩྭ་ཐང་ལ་སྐྱོན་ཤོར་བ་དང་། དེ་བཞིན་ཞིང་པ་དང་འབྲོག་པ་མང་པོ་གནས་སྤོ་བྱེད་དགོས་པའི་གནས་སྟངས་འོག་ནས་ཁོར་ཡུག་དང་བོད་པ་རང་ལ་དཀའ་ངལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་བྱུང་།

གློག་རྫས་ཀྱི་ཐོན་ཁུངས་གསར་པའི་ཐབས་ཇུས་རིན་ཐང་།

ལི་གཏེར་ནི་ད་ལྟའི་དུས་ཚོད་འདིར་རྡོ་སྣུམ་དཀར་པོ་ཞེས་འབོད་ཀྱི་ཡོད་ཅིང་། དེ་ནི་གློག་གི་མོ་ཌའི་གློག་རྫས་ཀྱི་རྒྱུ་ཆའི་ཡོང་ཁུངས་གཙོ་བོ་འདི་ཆགས་ཡོད། རྒྱལ་སྤྱིའི་ཐོག་གི་ནུས་པའི་བྱུང་ཁུངས་ལ་འཕོ་འགྱུར་མྱུར་པོ་ཕྱིན་པ་དང་བསྟུན། གཞུང་གིས་རྒྱ་ནག་ནང་གི་ལི་གཏེར་ཐོན་ཁུངས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱི་རྒྱལ་ནས་ཐོན་ཁུངས་ནང་འདྲེན་གྱི་མཁོ་འདོན་ལ་བརྟེན་དགོས་པའི་གནས་སྟངས་འདི་ཤུགས་ཆུང་དུ་གཏོང་ཐབས་བྱེད་ཀྱི་ཡོད། འོན་ཀྱང་བོད་ནང་དང་རྒྱལ་སྤྱིའི་ཐོག་རྒྱ་ནག་གཞུང་གྱིས་འགྲེལ་བརྗོད་བྱེད་སྟངས་ནི། བོད་ནང་གསར་སྤེལ་གྱི་ལས་གཞིའི་ཁྲོད་ནས་ས་གནས་མང་ཚོགས་ལ་ལས་ཀའི་གོ་སྐབས་མང་དུ་བཏང་ཡོད་པ་དང་། བོད་ནང་སྤེལ་བའི་ལས་གཞི་འདི་རྣམས་ནི་རྒྱུན་གནས་ཐུབ་པའི་ལས་གཞི་དང་། ཡང་ན་ལྗང་མདོག་གི་འཛུགས་སྐྲུན་ཞེས་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་དང་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་མུ་མཐུད་གསུངས་པར། རྒྱ་ནག་གཞུང་གིས་རྒྱུན་གནས་ཐུབ་པའི་འཛུགས་སྐྲུན་ཟེར་ནས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཆེན་པོ་བཏང་ཡོད་པ་འདི་མངོན་གསལ་དོད་པོ་ཆགས་ཡོད་རུང་། འཛམ་གླིང་ནང་རྒྱུན་གནས་ཐུབ་པའི་འཛུགས་སྐྲུན་ཟེར་བའི་མིང་དང་ཚིག་འདི་ཤུགས་ཆེན་པོ་ཁྱབ་ཡོང་དུས་། འཛམ་གླིང་ནང་མགོ་སྐོར་ཤུགས་ཆེན་པོ་ཐེབས་ནས་ཡོད། འོན་ཀྱང་ང་ཚོས་མགོ་སྐོར་བཏང་བ་འདི་གསལ་སྟོན་བྱེད་པའི་ཐབས་ཤེས་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་དང་འཛུགས་སྐྲུན་གང་འདྲ་ཞིག་བྱས་པ་ཡིན་རུང་། ཁོར་ཡུག་སྲུང་སྐྱོབ་ཐོག་ནས་བྱེད་ཀྱི་ཡོད་པ་དང་ཚན་རིག་དང་མཐུན་པའི་ཐོག་ནས་བྱེད་ཀྱི་ཡོད་པ་བརྗོད་ཡོད། འོན་ཀྱང་འདི་བདེན་པ་མ་རེད། གལ་ཏེ་འདི་འདྲ་ཡིན་ན། རང་དབང་ལྡན་པའི་ཚན་རིག་པ་དང་ཞིབ་འཇུག་པ་རྣམས་བོད་ལ་རང་དབང་ངང་སྐྱོད་རྒྱུའི་གོ་སྐབས་མེད་པའི་གནས་སྟངས་ཤིག་ཆགས་དོན་མེད་ཅེས་གསུངས་བྱུང་།

བོད་ཀྱི་ཚྭ་མཚེའུ་ཡི་ནང་ཡོད་པའི་གཏེར་ཁའི་གསོག་ཚད་ཧ་ཅང་ཆེ་བ་མ་ཟད། ལྷག་པར་དུ་ལི་གཏེར་དང་ཚྭ་ལ་དཀར་པོ་སོགས་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་དུས་མཚུངས་གསར་སྤེལ་བྱེད་རིན་ཡོད་པར་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་ཡོད།

འོན་ཀྱང་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊར་ ༤༥༠༠ ཡན་གྱི་གངས་ལྗོངས་ས་མཐོའི་ཁོར་ཡུག་ནང་ཐོན་ཁུངས་གསར་སྤེལ་བྱེད་པར་རང་བྱུང་གི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དེའི་ནང་རྨང་གཞིའི་འཛུགས་སྐྲུན་ཆ་ཚང་པོ་མེད་པ་དང། གློག་ཤུགས་ཀྱི་ནུས་པ་མི་ལྡང་བ་སོགས་ཀྱི་གནད་དོན་ཡོད་འདུག་ལ། ཚྭ་མཚེའུ་གསར་སྤེལ་བྱེད་པར་ཆུའི་ཐོན་ཁུངས་དང་རྫས་འགྱུར་གྱི་ལས་སྣོན་བྱེད་པའི་བརྒྱུད་རིམ་ནང་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་གནོད་འཚེ་གང་འདྲ་ཞིག་ཐེབས་མིན་ཐད་ལ་གནས་ཚུལ་ཁ་གསལ་དང་གཞུང་གི་གཏན་འབེབས་ཁ་གསལ་མེད་པ་རེད་འདུག གཞུང་ཕྱོགས་ནས་ཁོར་ཡུག་འབག་བཙོག་ཚད་གཞི་དམའ་ཤོས་དང་སྐྱེ་ཁམས་དོ་སྙོམས་ལྡན་པའི་གསར་སྤེལ་ཞིག་ཡིན་པ་བརྗོད་ཡོད་ཀྱང་། དེའི་ཐད་ཀྱི་འབྲེལ་ཡོད་ཁུངས་བཙན་དཔྱད་ཞིབ་མཐོང་རྒྱུ་དཀོན་པར་གྱུར་ཡོད།

ཡང་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་སྤང་དང་རི། ཆུ། སེམས་ཅན་ལ་སོགས་པར་དོ་ཕོགས་ཆེན་པོ་ཡོང་གི་ཡོད་པ་དཔེར་ན། གཏོར་ཁ་སྔོག་འདོན་བྱེད་དུས་དེ་ལ་འཛུགས་སྐྲུན་གྱི་ལས་གཞི་ཆེན་པོ་བྱུང་པ་དང་། གཅན་གཟན་རི་དྭགས་ལ་སོགས་རང་བཞིན་གྱིས་ཡུལ་དེ་ནས་བྲོས་འགྲོ་བ། རྩྭ་ཐང་བྱེ་ཐང་དུ་གྱུར་བ། ལས་གཞིའི་ཁྲོད་ནས་མི་མང་དུ་འགྲོ་དུས་འགྱིག་ཤོག་སོགས་འབག་བཙོག་གི་རིགས་ཉིན་རེའི་འཚོ་བའི་དངོས་རྫས་ཀྱིས་འབག་བཙོག་བཟོ་བཞིན་ཡོད་དུས་ཁོར་ཡུག་ལ་རང་བཞིན་གྱིས་དོ་ཕོགས་ཡོང་གི་ཡོད་ཅེས་གསུངས་བྱུང་།

གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་གྲབ་ཡེར་ཚྭ་ཁ།
བོད་ཀྱི་གཏེར་ཁའི་ཐོན་ཁུངས་དང་རྒྱ་ནག་གི་ཁེ་ཕན། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་གྲབ་ཡེར་ཚྭ་ཁ། (People's Daily)

ས་གནས་བོད་མིའི་གནས་སྟངས།

ཚྭ་མཚེའུ་ནས་ལི་གཏེར་སོགས་སྔོག་འདོན་དང་ལས་སྣོན་བྱ་ཡུལ་བོད་ཀྱི་ས་ཁུལ་ཁག་ནང་ས་གནས་བོད་མིའི་གནས་སྟངས་ལ་ཡང་འགྱུར་བ་ཕྱིན་ཡོད་པ་དང་། གཞུང་ཕྱོགས་ནས་གསར་སྤེལ་ལས་གཞིའི་ཁྲོད་ནས་དཔལ་འབྱོར་ཡོང་བབ་ཀྱི་གོ་སྐབས་བསྐྲུན་ཡོད་པ་བརྗོད་ན་ཡང་བོད་མིའི་འཚོ་བའི་ཁོར་ཡུག་དང་རྒྱུན་ལྡན་གྱི་འཚོ་བར་དོ་ཕོགས་བྱུང་ཡོད་པ་བོད་ནས་བརྗོད་མཁན་འདུག

ས་གནས་བོད་མིའི་ཁྲོད་གཞུང་གིས་ཆབ་སྲིད་སློབ་གསོ་མང་དག་ཅིག་མུ་མཐུད་སྤེལ་མུས་ཡིན་པ་དང་། གཞུང་གི་གསར་སྤེལ་ལས་གཞིར་མང་ཚོགས་ཀྱིས་མི་འདོད་པའི་རྣམ་འགྱུར་སྤུ་ཙམ་བཏོན་མི་ཆོག་པའི་ཐོག་དེའི་སྐོར་གཤམ་འོག་ཏུ་གླེང་སློང་ཡང་བྱེད་ཆོག་གི་མེད་པ་བརྗོད་ཀྱི་འདུག

ཉེ་བའི་ལོ་ཤས་རིང་། ནག་ཆུ་མཚོ་གཉིས་རྫོང་ཚུད་པའི་ས་ཁུལ་ལ་རྒྱ་ཁྱབ་ངང་སྐྱེ་ཁམས་གནས་སྤོས་ཟེར་བ་ཞིག་ལག་བསྟར་བྱས་ཤིང་། འབྲོག་པ་ཁྲི་ཕྲག་ཁ་ཤས་ས་བབ་དམའ་བའི་ས་ཁུལ་དུ་གནས་སྤོས་བྱས་ཡོད་པ་དང་། གཞུང་ཕྱོགས་ཀྱིས་བྱེད་ཐབས་འདི་ནི་འཚོ་བའི་མཐུན་རྐྱེན་བཟང་དུ་བཏང་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཆེད་ཡིན་པ་བརྗོད་ཡོད། འོན་ཀྱང་མང་ཚོགས་ཁྲོད་འབྲོག་པ་ཞིང་ཁུལ་དུ་སྤོས་པ་དང་། ལས་ཀ་རྙེད་དཀའ་བ། ཡོང་འབབ་བརྟན་པོ་མེད་པ་སོགས་དཀའ་ངལ་དུ་མ་འཕྲད་མུས་ཡིན་ཞིང་། དཔྱད་ཞིབ་པ་འགའ་རེས་གནས་སྤོས་བྱས་རྗེས་ཀྱི་ས་ཁུལ་དེ་དག་རིམ་བཞིན་ཐོན་ཁུངས་གསར་སྤེལ་དང་ཚན་རིག་ཞིབ་འཇུག་གི་ལས་གཞིར་སྒོ་མོ་འབྱེད་བཞིན་ཡོད་པ་མཐོང་རྒྱུ་ཡོད་པ་དང་། དེའི་ནང་ཚྭ་མཚེའུ་དང་། གཏེར་ཁ། ནུས་པའི་བྱུང་ཁུངས་ཐོན་སྐྱེད་ཀྱི་ལས་གཞི་བཅས་ཚུད་ཡོད་འདུག།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་དང་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གི་གཏེར་ཁ་སྔོག་འདོན་བྱེད་སྐབས་ཡུལ་མིས་ངོ་རྒོལ་བྱེད་ཀྱི་ཡོད་པར་བརྟེན་དེ་མེད་པ་བཟོ་བའི་ཆེད་དུ་འབྲོག་པ་གནས་སྤོས་བྱེད་བཅུག་པ་དང་། རྩྭ་ཐང་ནང་གྲོང་སྡེ་དང་ཡུལ་གྲོང་ནང་གནས་སྤོ་བྱེད་པ། དེ་འདྲའི་ཐོག་ནས་ས་སྟོང་པ་ཆགས་དུས་ཟངས་གཏེར་དང་ལི་གཏེར་སྔོག་འདོན་བྱེད་ཀྱི་ཡོད་པ་གསལ་པོ་རེད། གནད་དོན་དེ་རིགས་མང་པོ་བྱུང་ཡོད་པ་སྟེ། ས་ཆ་གཅིག་ནས་གནས་སྤོས་བཏང་སྟེ་ས་ཆ་དེར་གཏེར་ཁ་སྔོག་འདོན་བྱས་པའི་གནས་ཚུལ་བྱུང་བ་མང་པོ་ཡོད། དེ་མིན་འབྲོག་པ་མང་པོ་གནས་སྤོས་བཏང་རྗེས་རི་རླུང་མང་པོར་ཉི་གློག་མང་པོ་བཙུགས་པའི་གནས་ཚུལ་དེ་ཚོ་ཚང་མ་ནི་རྒྱ་ནག་གཞུང་གིས་ཁོང་ཚོའི་དཔལ་འབྱོར་ཁེ་ཕན་ཆེད་དུ་བོད་པ་ཚོའི་ཁེ་ཕན་ལ་རྡོག་རོལ་བཏང་བ་འདི་གསལ་པོ་ཆགས་ཡོད་དུས་འདི་ནི་རྒྱ་ནག་གཞུང་གི་སྲིད་བྱུང་ངན་པ་ཞིག་ཆགས་ཡོད་ཅེས་གསུངས་བྱུང་།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། བོད་ནང་གཏེར་ཁ་སྔོག་འདོན་སོགས་གང་འདྲ་ཞིག་བྱས་པ་ཡིན་རུང་། བོད་པར་ཕན་ཐོགས་ཀྱི་མེད་པ་དང་། མི་དམངས་ཀྱིས་འདིའི་ཐོག་བསམ་ཚུལ་དང་བསམ་འཆར་བཤད་པའི་རང་དབང་མེད་པའི་གནད་དོན་ཞིག་ཆགས་ཡོད་ལ། བོད་ནང་ཁོར་ཡུག་ཐོག་རང་དབང་ལྡན་པའི་ཞིབ་འཇུག་བྱེད་ས་མེད་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོད་པ་གསུངས་བྱུང་།

བོད་ཀྱི་ས་ཁུལ་ཁག་ནང་ཡོད་པའི་ཚྭ་མཚེའུ་གསར་སྤེལ་གྱི་ལས་གཞི་འདི་འཛམ་གླིང་གི་ནུས་པའི་བྱུང་ཁུངས་གསར་པ་མཁོ་འདོན་བྱེད་པའི་བརྒྱུད་རིམ་ནང་གི་གལ་ཆེའི་ཆ་ཤས་ཤིག་ཏུ་འགྱུར་སྲིད་པ་ཡིན་ན་ཡང་བོད་མིའི་འཚོ་གནས་ཀྱི་ཐོབ་ཐང་དང་། འགྱུར་ལྡོག་འགྲོ་བཞིན་པའི་མཐོ་སྒང་གི་ཁོར་ཡུག་གི་གནས་སྟངས་ཐོག་མཚོན་ན། ནུས་པའི་བྱུང་ཁུངས་གསར་སྤེལ་བྱས་པ་འདིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་སྟངས། ས་གནས་བོད་མིའི་ཁེ་ཕན་སོགས་ཀྱི་གནད་དོན་མང་པོའི་ཐོག་ད་དུང་ཐག་གཅོད་མ་ཐུབ་པའི་དྲི་བ་མང་པོ་ཞིག་ཐོན་བཞིན་ཡོད་འདུག