འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་སྒང་ཏོག་ཆོལ་གསུམ་ཚོགས་ཁང་དང་། ཅན་མ་རི་སེར་བྱེས་འགྲོ་ཕན་གླིང་དགོན་པ། གདན་ས་རུམ་ཏེག་དགོན་པ། ཝ་ཇ་ར་ལ་དགས་ཚོགས་ཁང་བཅས་འོས་བསྡུའི་ས་ཚིགས་ཁག་བཞི་ལ་འོས་བསྡུ་གནང་ཡོད་པ་རེད།
ད་རེས་ཀྱི་འོས་བསྡུ་ཚགས་ཚུད་དང་དྲང་བདེན་ཞིག་ཡོང་ཐབས་སུ་ས་གནས་འོས་བསྡུ་ཚོགས་ཆུང་གིས་ས་གནས་འོས་བསྡུའི་ལས་བྱེད་དང་ཚོགས་མི་ཡོང་ལ་འོས་བསྡུ་དང་འབྲེལ་བའི་སྒྲིག་གཞི་དང་ལས་དོན་བྱེད་ཕྱོགས། དེ་བཞིན་སྟངས་འཛིན་གནང་ཕྱོགས་ཐད་སྔ་ས་ནས་ལམ་སྟོན་དང་གྲ་སྒྲིག་གནང་ཡོད་སྐོར་ས་གནས་འོས་བསྡུ་འགན་འཛིན་སྦྱིན་པ་ཕུན་ཚོགས་ལགས་ཀྱིས་གསུངས་བྱུང་།

འབྲས་ལྗོངས་ཁུལ་གྱི་བོད་མི་རྣམས་བོད་མིའི་གཞིས་ཆགས་གཞན་ཁག་དང་མི་འདྲ་བར་ཚང་མ་ཁ་འཐོར་ངང་གནས་ཡོད་པ་དང་ལྷག་པར་བོད་མིའི་ཁྱིམ་ཚང་ཁག་ཅིག་འབྲས་ལྗོངས་དང་བོད་ཀྱི་ས་མཚམས་ས་ཁུལ་དུ་གནས་སྡོད་བྱེད་ཀྱི་ཡོད་སྟབས་ཁོང་རྣམས་པར་འོས་བསྡུའི་ནང་མཉམ་ཞུགས་བྱེད་ཐུབ་ཐབས་སུ་དམིགས་སྟེ་ས་གནས་འོས་བསྡུའི་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་ཉིན་གཉིས་གོང་ནས་ས་ཁུལ་དེ་དག་ནང་བསྐྱོད་དེ་བོད་མིའི་ཁྱིམ་ཚང་གཅིག་ཀྱང་མ་ལུས་པར་འོས་བསྡུ་གནང་ཐུབ་པ་བྱུང་འདུག
ད་རེས་སྒང་ཏོག་ཏུ་འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་ཁོངས་ནས་རང་ལོ་ ༨༣ ལ་ཕེབས་པའི་བཀྲིས་ཚེ་རིང་ལགས་ཀྱིས་མ་འོངས་སྤྱི་འཐུས་ལྷན་ཚོགས་ནང་ལོ་ན་གཞོན་པ་གང་མང་སླེབས་ཐུབ་པའི་རེ་བ་བཅང་བཞིན་འདུག
ས་འཐུས་ཚོགས་ཟུར་ཨ་ཅརྱ་རིན་ཆེན་ལགས་ཀྱིས་ད་རེས་ཀྱི་འོས་བསྡུའི་ནང་སྤྱི་འཐུས་ཤེས་འཇོན་གཉིས་ལྡན་དང་ལྷག་བསམ་རྣམ་དག་ཡོད་པ་ཞིག་འདེམས་རྒྱུ་ཧ་ལས་པའི་གལ་ཆེན་པོ་ཡིན་སྐོར་གསུངས་བྱུང་།།
བརྙན་པར་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན་དང་། པ་སངས་ཚེ་རིང་།
