བཞུགས་སྒར་དུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ།

བོད་མི་གནས་ཡོད་ཕྱི་རྒྱལ་ས་གནས་མང་པོའི་ནང་བོད་དེ་རྒྱ་ནག་གཞུང་གིས་དབང་བསྒྱུར་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ།

2009-03-28
Share

༄༅༎གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་ནང་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་བཀྲོལ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཟེར་བར་དམ་བསྒྲགས་ཆེན་པོའི་ཐོག་མཛད་སྒོ་རྣ་ཚོགས་སྤེལ་ཡོད་པ་དང་ཡིན་ནའི་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་ཉིན་དེ་ནི་བོད་མི་ཚོ་བཙན་དབང་དུ་ཚུད་ནས་མི་ཤི་ཁྱིམ་སྟོང་དང་ནང་མི་ཁ་བྲལ་གྱི་དུས་སྐབས་འགོ་ཚུགས་པར་རྩིས་ནས་དེའི་ཉིན་བོད་མི་གནས་ཡོད་ཕྱི་རྒྱལ་ས་གནས་མང་པོའི་ནང་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་བཞིན་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་བོད་མི་བཞི་བརྒྱ་ལྷག་ཙམ་འདུ་འཛོམས་ཀྱིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་བོད་རང་བཙན་སོགས་པའི་འཕྲེད་དར་བསྣམས་ནས་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་དེ་རྗེས་ཉིན་དེའི་དགོང་མོ་བོད་ནང་ཉེ་བའི་ཆར་རྒྱ་ནག་ཉེན་རྟོག་དམག་མིས་ཉེས་རྡུང་བཏང་ནས་རྐྱེན་འདས་སུ་གྱུར་བའི་བོད་མི་ཚོའི་ཆེད་མཆོད་མེའི་གསོལ་འདེབས་གནང་ཡོད་པ་རེད། དེ་བཞིན་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་ཡུལ་དེའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་ངོ་རྒོལ་སྐད་འབོད་ནང་བཞུགས་མཁན་བོད་ནང་རྒྱུན་རིང་བཙོན་ཁང་དུ་བཞུགས་མྱོང་མཁན་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་ང་ཚོས་དེ་རིང་གི་ཉིན་མོ་དེར་དྲན་གསོ་བྱེད་ཀྱི་ཡོད་པ་ནི་ཡར་ལངས་ཞིང་བྲལ་ལ་བཅིངས་བཀྲོལ་བཏང་བའི་ཉིན་མོར་རྩིས་ནས་དྲན་གསོ་བྱེད་ཀྱི་མེད་ཅིང་རྒྱ་ནག་གུང་ཁྲན་ཚོགས་པས་བོད་ནང་དབང་བསྒྱུར་མ་བྱས་སྔོན་བོད་མི་ཚོར་བོད་ནང་སྨྲ་བརྗོད་དང་འདུ་འཛོམས་ཆོས་ལུགས་རང་དབང་གཙང་མ་ཡོད་པ་རེད། ཡིན་ནའི་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱས་པའི་རྗེས་ད་ལྟ་བོད་ནང་རང་ཉིད་ཀྱི་ལྟ་སྤྱོད་དང་ཞི་བའི་ངོ་རྒོལ་གྱི་རིགས་སྤེལ་ཚེ་བཙོན་འཇུག་དང་ཉེས་རྡུང་མནར་གཅོད་གཏོང་གི་ཡོད་པ་མ་ཟད་ཐ་ན་ཚེ་སྲོག་ཀྱང་འཕྲོག་པའི་གནས་ཚུལ་དེང་སྐབས་བོད་ནང་ཐོན་མུས་ཡིན་པ་རེད་ཅེས་གསུངས་འདུག དེ་མིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་དང་ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་སོགས་ནང་ལ་ཡང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་འདུག་

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།