རྒྱ་གཞུང་དང་དོལ་རྒྱལ་རྗེས་འབྲང་དབར་འབྲེལ་བ།


2015.12.30
Share on WhatsApp
Share on WhatsApp
རྒྱ་གཞུང་དང་དོལ་རྒྱལ་རྗེས་འབྲང་དབར་འབྲེལ་བ། སྲིད་སྐྱོང་བློ་བཟང་སེངྒེ་མཆོག
དབུས་བོད་མིའི་སྒྲིག་འཛུགས།

༄༅།  །དོལ་རྒྱལ་རྗེས་འབྲངས་པས་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་། ངོ་རྒོལ་ལ་སོགས་པའི་ལས་འགུལ་ནང་། རྒྱ་ནག་གཞུང་གི་ཐད་ཀར་ཐེ་ཇུས་ཡོད་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་བཞིན་པ་ལྟར།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་ནག་གཞུང་ནས་དོལ་རྒྱལ་རྗེས་འབྲང་པར་ངན་སྐུལ་བྱས་ཏེ་བོད་མིའི་སྤྱི་ཚོགས་ནང་དཀྲུག་རྐྱེན་དང་།  གཅིག་སྒྲིལ་གཏོར་ཐབས་བྱེད་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དེ་ཡང་ཚེས་༢༧ཉིན་རྒྱ་གར་གྱི་ANI བརྙན་འཕྲིན་གསར་འགྱུར་ལས་ཁང་གིས་ སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་དོལ་རྒྱལ་རྗེས་འབྲང་པས་༧གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་ནང་། རྒྱ་ནག་གིས་ལག་འབྲེལ་ཇི་ལྟར་ཡོད་པའི་སྐོར་བཅར་འདྲི་ཞུས་འདུག་པར།  སྲིད་སྐྱོང་མཆོག་གིས་ཉེ་ཆར་ལག་སོན་བྱུང་བའི་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཞིག་ནང་།  རྒྱ་ནག་གཞུང་ནས་བོད་མིའི་སྤྱི་ཚོགས་ཁ་བྲལ་གཏོང་ཆེད་ཤུགས་ལྡན་ནམ་དོལ་རྒྱལ་ཀྱི་གནད་དོན་བེད་སྤྱོད་ཀྱིས་སྤྱི་ཚོགས་ཀྱི་གཅིག་སྒྲིལ་གཏོར་བཤིག་དང་།  སྤྱི་ཚོགས་ནང་རྙོག་གླེང་བཟོ་ཐབས་ཆེད་དོལ་རྒྱལ་རྗེས་འབྲང་པ་ཚོར་ལམ་སྟོན་དང་བརྒྱུད་སྐུལ་བྱེད་བཞིན་ཡོད་པ་དེ་ཡིག་ཆ་དེའི་བརྒྱུད་དཔང་རྟགས་ར་སྤྲོད་ཁ་གསལ་བྱུང་ཡོད་པ་གསལ་འདོན་གནང་བཞག   སྲིད་སྐྱོང་མཆོག་གིས་མུ་མཐུད་གསུངས་པར། དོལ་རྒྱལ་རྗེས་འབྲང་པ་དང་། ལྷག་པར་དུ་ནུབ་ཕྱོགས་པ་དོལ་རྒྱལ་རྗེས་འབྲང་པ་ཚོས་རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་ཁེ་ཕན་ཁོ་ནར་དམིགས་ཏེ།  དོལ་རྒྱལ་རྗེས་འབྲང་པ་ཚོ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་བཞིན་ཡོད་པ་དེ་མཁྱེན་རྟོགས་ཇི་ཙམ་ཡོད་མིན་དང་།  ཆོས་མེད་སྨྲ་བའི་རྒྱ་ནག་གཞུང་ནས་ཆོས་བེད་སྤྱོད་བྱས་ཏེ་དོལ་རྒྱལ་ཀྱི་གནད་དོན་དེ་བོད་མིའི་སྤྱི་ཚོགས་དཀྲུག་རྐྱེན་གྱི་ཐབས་ཇུས་བཟུང་བཞིན་ཡོད་པ་དེ་ལྟར་མཁྱེན་རྟོགས་དགོས་གལ་ཆེ་བའི་སྐོར་ནན་བརྗོད་གནང་འདུག།
གསར་འགོད་པ་དབྱངས་སྒྲོལ།yangdon

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎