ཨ་རིའི་ནང་བྲོས་བྱོལ་ཡོང་མཁན་ཁྲོད་རྒྱ་རིགས་ཇེ་མང་དུ་འགྲོ་བཞིན་ཡོད་འདུག
དེ་ཡང་(CBS)་གསར་ལས་ཁང་གིས་ཕྱི་ཚེས་༤ཉིན་གནས་ཚུལ་སྤེལ་བའི་ནང་། ཉེ་བའི་ཟླ་ཤས་ནང་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་མེག་སི་ཀོ་(Mexico)་བརྒྱུད་ཨ་རིའི་ལྷོ་ཕྱོགས་ས་མཚམས་ནས་ཨ་རིའི་ནང་ཁྲིམས་འགལ་གཞིས་སྤོས་ཆེད་ཡོང་མཁན་དེ་སྔ་བྱུང་མྱོང་མེད་པའི་གྲངས་འབོར་མང་དུ་འགྲོ་བཞིན་པ་དང་། སྔ་ལོ་༢༠༢༣ལོར་ཨ་རིའི་སྒོ་ཁྲལ་དང་ས་མཚམས་སྲུང་སྐྱོབ་ལས་ཁང་གིས་ཐོ་བཀོད་བྱས་པའི་ནང་། ལྷོ་ཕྱོགས་ས་མཚམས་བརྒྱུད་ཨ་རིའི་ནང་ཁྲིམས་འགལ་འཛུལ་ཐབས་བྱ་མཁན་མི་གྲངས་ས་ཡ་གཉིས་དང་ཕྱེད་ཀ་ཙམ་བྱུང་ཡོད་པ་རྣམས་འཕྲལ་དུ་བཀག་སྐྱིལ་དོ་དམ་གནང་བ་འམ་ཕྱིར་ལོག་བཏང་བ་སོགས་གནང་ ཡོད་པ་དང་། མེག་སི་ཀོ་ནས་ས་མཚམས་བརྒལ་ནས་ཨ་རིའི་ནང་འཛུལ་ཐབས་བྱ་མཁན་ཁྲོད་རྒྱ་རིགས་མང་པོ་ཡོད་པ་དང་། རྒྱ་རིགས་དེ་དག་ས་མཚམས་ནས་ལེ་དབར་༦༠ཙམ་ཀྱི་ས་ནས་ཨ་རིའི་(San Diego)་གྲོང་ཁྱེར་ནང་འཛུལ་ཐབས་བྱ་བཞིན་ཡོད་པ་དེ་ནི་ཁྲིམས་འགལ་གྱིས་ཨ་རིའི་ནང་ཡོང་འདོད་ཡོད་མཁན་ཚོར་འགྲོ་ལམ་གསར་པ་ཞིག་ཆགས་ཡོདཔ་གནས་ཚུལ་སྤེལ་འདུག
ཉིན་ལྟར་ཨ་རི་དང་(Mexico)་ཡུལ་གཉིས་ཀྱི་ས་མཚམས་སུ་ལྕགས་ར་དང་འགག་སྒོ་ཡོད་མིན་ལ་མ་བལྟོས་བར་ཨ་རིའི་ནང་ཁྲིམས་འགལ་གྱི་ཡོང་མཁན་རུ་ཁག་དང་རུ་ཁག་བྱས་ནས་ཡོད་པ་མཐོང་རྒྱུ་ཡོད་འདུག
གནས་ཚུལ་ནང་རྒྱ་ནག་ནས་རྒྱ་རིགས་དེ་འདྲ་མང་པོ་ལེ་དབར་བདུན་སྟོང་ལྷག་གི་ས་ནས་ཡོང་བཞིན་པ་ནི་ཧང་སངས་དགོས་པ་ཞིག་ཡིན་པ་དང་། རྒྱ་མི་ཁག་ཅིག་གིས་གཙོ་བོ་རང་དབང་གི་ཆེད་དུ་ཡོང་བ་ཡིན་ཚུལ་དང་། ཡང་འགའ་ཞིག་གིས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་རྗེས་སུ་སྒེར་གཉེར་ཚོང་ལས་རྐུབ་སྡིབ་ནས་དཔལ་འབྱོར་གྱི་མ་འོངས་མདུན་ལམ་དབེན་པའི་རྐྱེན་གྱིས་ཨ་རིའི་ནང་ཡོང་བ་ཡིན་ཚུལ་ཡང་བརྗོད་འདུག
ཨ་རིའི་གྲོས་ཚོགས་ནང་ས་མཚམས་བཀག་སྡོམ་དང་སྐྱབས་བཅོལ་གནད་དོན་ཐད་ཨ་སྒོར་ཐེར་འབུམ་༢༠་ཙམ་གཏོང་རྒྱུའི་ཁྲིམས་འཆར་གསར་པ་ཞིག་གཏན་འབེབས་ཡོང་ཐབས་བྱས་ཡོད་པ་དང་། གྲོས་ཚོགས་ཀྱི་ཁྲིམས་གཞིའི་ནང་། ཉིན་གྲངས་༩༠ནང་ཚུད་ཆབ་སྲིད་སྐྱབས་བཅོལ་སྤྲོད་དགོས་མིན་ཐག་གཅོད་བྱ་དགོས་པ་དང་། ཡང་མི་འབོར་གྱི་གྲངས་ཀ་ངེས་ཅན་ཞིག་ལོན་ཚེ་མཐའ་མཚམས་སྲུང་སྐྱོབ་ཉེན་རྟོག་པས་གཞིས་སྤོས་མི་སྣ་དེ་དག་ཕྱིར་ལོག་བྱེད་ཆོག་པ་ཡིན་འདུག།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།