བོད་དོན་ཁྲིམས་ཡིག་ལག་བསྟར་ཆེད་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མེ་ཁལ་མེ་ཁོལ་(Michael McCaul)་ལགས་ཀྱིས། ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་ཟིན་པའི་བོད་དོན་ཁྲིམས་ཡིག་གསར་བ་དེས་ཨ་རིས་བོད་ལ་རྒྱབ་སྐྱོར་སྔར་ལས་ཤུགས་ཆེར་འགྲོ་བཞིན་པ་གསལ་སྟོན་དང་བཅས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ངོས་ནས་སྦཡེ་ཌེན་གཞུང་དང་མ་འོངས་པའི་གཞུང་ཕྱོགས་ནས་བོད་དོན་ཁྲིམས་ཡིག་དེ་དངོས་སུ་ལག་བསྟར་ཆེད་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་པ་ཚོགས་ཆུང་གི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་གསལ་བཤད་གནང་བྱུང་།
དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མེ་ཁལ་མེ་ཁོལ་(Michael McCaul)་ལགས་ཀྱིས་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་བོད་དོན་ཁྲིམས་ཡིག་(S 138)་པ་སྟེ། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་པར་དགའ་བསུ་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་རྗེས། དེ་འབྲེལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཡིག་ཐོག་བཀའ་འདྲི་ཁག་ཅིག་ཞུས་པར་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་འདི་ཚེས་༡༨ཉིན་ཡིག་ཐོག་ལན་འདེབས་གནང་བའི་ནང་། གཞུང་ཕྱོགས་ནས་མ་འོངས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་དང་ཕྱི་ལོ་༢༠༠༢ལོར་གཏན་འབེབས་བྱུང་བའི་༼བོད་དོན་སྲིད་ཇུས་ཁྲིམས་གཞི༽ལག་བསྟར་ཇི་འདྲ་བྱས་མིན་སྐོར་གྱི་ལངས་ཕྱོགས་གསལ་འདོན་བྱས་མེད་ཀྱང་། སྲིད་འཛིན་སྦཡེ་ཌེན་གྱིས་ཁྲིམས་ཡིག་དེར་མཚན་རྟགས་བསྐྱོན་པར་དགའ་མོས་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་སྟོབས་ཤུགས་གང་ཡོད་བཏོན་ནས་བོད་ཀྱི་རིག་གཞུང་རྩ་མེད་དང་། བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་འཕྲོག་གི་ཡོད་པ་རེད། ང་རང་ཡིད་སྤྲོ་བ་ཞིག་ནི་གྲོས་ཚོགས་ཀྱི་ཚོགས་པ་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་ཉེ་སྔོན་རྒྱ་གར་དུ་བསྐྱོད་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཀྱིས་ཨ་རིས་བོད་ལ་རྒྱབ་སྐྱོར་ཡོད་པ་ཁས་ལེན་ནན་བརྗོད་གནང་ཡོད། ང་ཚོས་རྒྱ་ནག་གཞུང་གིས་གཏུམ་སྤྱོད་དང་རང་སྣང་གང་ཤར་གྱིས་བོད་དེ་ས་ཁྲའི་ཐོག་ནས་ནག་བསུབ་གཏོང་གི་འཇུག་གི་མིན་ལ། ང་རང་གིས་གྲོས་ཚོགས་ཀྱི་ཚོགས་པ་གཉིས་ནས་ཐུན་མོང་གིས་བཏོན་པའི་ཁྲིམས་ཡིག་དེའི་ཐད་བློ་སྤོབས་སྐྱེས་ཡོད། བོད་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་དྲང་བདེན་དང་ཞི་བདེ་སྲུང་སྐྱོབ་བྱེད་པར་སྟོབས་ཤུགས་བསྩལ་ཡོད་པ་རེད་ཅེས་དང་། ད་ལོར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་མོས་མཐུན་བྱུང་བ་དང་ཉེ་ཆར་སྲིད་འཛིན་སྦཡེ་ཌེན་གྱིས་མཚན་རྟགས་བསྐྱོན་ནས་ཁྲིམས་སུ་གྱུར་བའི་༼བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་༽དེ་ནི་ཕྱི་ལོ་༢༠༠༢ལོར་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་བྱུང་བའི་༼བོད་དོན་སྲིད་ཇུས་ཁྲིམས་གཞི༽ཞེས་པ་དེར་ཁ་གསབ་རྒྱབ་གནོན་བྱས་བ་ཞིག་རེད། གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ངོས་ནས་སྦཡེ་ཌེན་གཞུང་དང་མ་འོངས་པའི་གཞུང་ཕྱོགས་ནས་བོད་དོན་ཁྲིམས་ཡིག་དེ་དངོས་སུ་ལག་བསྟར་ཆེད་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་ཤེས་གསལ་སྟོན་གནང་འདུག
བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ནང་། ཨ་རིས་བོད་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་ཡོད། རྒྱ་ནག་གིས་སྤེལ་བཞིན་པའི་གནས་ཚུལ་རྫུན་མའི་རིགས་ལ་གདོང་ལེན་བྱས་ཏེ་ཨ་རིའི་བོད་ལ་རྒྱབ་སྐྱོར་གྱི་ནུས་ཤུགས་ཆེ་རུ་གཏོང་རྒྱུ། བོད་དང་རྒྱ་ནག་གཞུང་བར་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་གྲོས་མོལ་བྱེད་རྒྱུར་སྐུལ་འདེད་བྱས་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་བྱ་རྒྱུ་བཅས་བཀོད་ཡོད་པ་རེད།
ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ནང་གཏན་འབེབས་བྱུང་བའི་བོད་དོན་ཁྲིམས་ཡིག་ལ་སྤྱི་ཟླ་༧པའི་ཚེས་༡༢ཉིན་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་མཚན་རྟགས་བསྐྱོན་པའི་རྗེས། བོད་མིའི་སྒྲིག་འཛུགས་གཙོས་འཛམ་གླིང་གི་ཡུལ་གྲུ་གང་སའི་ཚོགས་སྡེ་ཁག་དང་མི་སྒེར་བཅས་ཀྱིས་རྣམ་པ་འདྲ་མིན་ཐོག་དགའ་བསུ་ཞུས་དང་ཞུ་བཞིན་པ་རེད།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།