ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྡ་རམ་ས་ལར་ཆེད་ཕེབས་གནང་བར་རྒྱ་ནག་གི་ཕྱོགས་ནས་རྣམ་པ་འདྲ་མིན་ཐོག་སྐྱོན་བརྗོད་བྱས་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་སྤྱི་ཚེས་༡༩ཉིན་དཔྱད་གཏམ་སྤེལ་བའི་ནང་། ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་བསྐྱོད་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་ལམ་ཇེ་དམ་དུ་བཏང་ཡོད་པ་ནི་ཨ་རི་གཞུང་གིས་རྒྱ་ནག་བཀག་འགོག་བྱེད་ཆེད་བོད་བེད་སྤྱོད་གཏོང་བཞིན་ཡོད་ཚུལ་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གསར་ཤོས་དེས་རྒྱ་ནག་དང་ཨ་རི་ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་གཏོང་རྒྱུ་ཡིན་ལུགས་དཔྱད་བརྗོད་སྤེལ་འདུག
ད་དུང་དཔྱད་བརྗོད་ནང་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། བོད་དེ་རྒྱ་ནག་ནང་ཁུལ་ཁོ་ནའི་གནད་དོན་ཞིག་ཡིན་པས། ཕྱིའི་ཐེ་བྱུས་ནམ་ཡང་བྱེད་མི་ཆོག་པ་ཡིན། སུ་ཞིག་དང་དཔུང་དམག་སུ་ཞིག་གིས་ཀྱང་བོད་བརྟན་བརླིང་མེད་པ་བཟོས་ཏེ་རྒྱ་ནག་འགོག་ཐབས་ཀྱི་ཐབས་ཤེས་ལ་ལམ་ལྷོང་ནམ་ཡང་ཡོང་གི་མ་རེད། ཨ་རིའི་ཕྱོགས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་ངོས་འཛིན་བྱེད་རྒྱུ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་ལ་གནས་དགོས་པའི་ནན་སྐུལ་དང་མཉམ། ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་འཆར་གསར་པ་དེས་རྒྱ་ནག་མངའ་ཁུལ་གྱི་བདག་དབང་ལ་ཁ་གཏད་གཅོག་ཐབས་བྱེད་བཞིན་ཡོད་པ་དང་། གལ་སྲིད། ཁྲིམས་ལུགས་དེ་ལ་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བཀོད་ན་དེས་རྒྱ་ནག་དང་ཨ་རི་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་རྒྱུ་ཡིན་པ་དཔྱད་བརྗོད་སྤེལ་འདུག
རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་འགྱུར་སྣ་ཚོགས་བསྟན་མིན་ལ་མ་བལྟོས་བར། ཚེས་༡༩ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེཀེལ་མེཀཽལ་(Michael McCaul)་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་ཡོད་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས། ཁོང་ཚོས་མིའི་རྣམ་དཔྱོད་དང་སྙིང་རྗེ་ཟུང་འབྲེལ་གྱིས་འཛམ་གླིང་གི་དཀའ་རྙོག་སེལ་བའི་ཐབས་ལམ་འཚོལ་བར། ༧གོང་ས་མཆོག་ནི་མིག་དཔེ་བལྟ་ས་ཡིན་ཞེས་༧གོང་ས་མཆོག་ལ་ཡར་ཞུས་ཡོད་པ་དང་མཉམ། རྒྱ་ནག་གཞུང་གིས་བོད་ས་བཙན་འཕྲོག་བྱས་ནའང་བོད་ཀྱི་ཆོས་དང་རིག་གཞུང་འཕྲོག་ཐུབ་ཀྱི་མེད་པ་དང་། བར་ལམ་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་རམ་ས་ལར་ཕེབས་རྒྱུའི་ཐག་གཅོད་བྱུང་རྗེས། རྒྱ་ནག་གཞུང་གིས་སྐུ་ཚབ་ཚོགས་ཆུང་ལ་དེ་ལྟར་ཕེབས་ན་འགྲིག་གི་མེད་ཚུལ་གྱི་ཡིག་ཏེ་བཏང་ཡོད་ནའང་། ཨ་རིའི་གྲོས་ཚོགས་ནས་དེ་ལ་སྣང་བ་མ་གཏད་པར་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་རྡ་རམ་སར་ཕེབས་པ་ཡིན་སྐོར་གསུངས་འདུག
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གྲས་སུ་ཡོད་པ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་(Nancy Pelosi)་ལགས་ཀྱིས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་ཡིག་དེ་བརྒྱུད་རྒྱ་ནག་གཞུང་ལ་བརྡ་ལན་ཞིག་འབྱོར་ངེས་རེད། ང་ཚོའི་འཐབ་རྩོད་དེ་མ་འོངས་སོན་རྩའི་ཆེད་དུ་ཡིན་དུས་བོད་ནང་དུ་ཡོད་པའི་བོད་ཕྲུག་རྣམས་ལ་རྒྱ་ནག་གཞུང་གིས་རྒྱ་སྒྱུར་གྱི་སྲིད་བྱུས་འོག་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱས་པ་དང་། དོགས་སྲུང་བྱས་པ་སོགས་ལ་ང་ཚོས་སྣང་མེད་ནམ་ཡང་གཏོང་ཐུབ་ཐབས་མེད། སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བྱམས་སྙིང་རྗེའི་བསླབ་བྱ་དེ་མུ་མཐུད་འཛམ་གླིང་འདིར་གནས་ཀྱི་རེད། ཡིན་ནའང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་བྱས་རྗེས་རྣམས་འཛམ་གླིང་གི་མི་སུས་ཀྱང་དྲན་གྱི་མེད་པ་ཚང་མས་ཤེས་དགོས་ཅེས་གསུངས་འདུག
ད་རེས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Michael McCaul)་ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་པ་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ། བོད་མིའི་སྒྲིག་འཛུགས་དང་མཉམ་ལས་འབྲེལ་ལམ་བྱེད་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་གནང་བའི་ཐད། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་བཅས་ཀྱིས་སྔ་ཕྱིར་སྐྱོན་བརྗོད་བྱས་ཡོད་པ་རེད།
ད་རེས་རྡ་རམ་ས་ལར་ཕེབས་མཁན་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེ་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་(Michael McCaul)་མཆོག་གིས་དབུ་ཁྲིད་ཐོག ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་(Nancy Pelosi)་མཆོག་དང་། གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མང་གཙོ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་(Gregory Meeks)་མཆོག ཨ་རིའི་གྲོས་ཚོགས་འོག་མའི་སྒྲིག་ཁྲིམས་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་(Jim McGovern) མཆོག གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ནང་གསེས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཚོགས་ཆུང་གིས་ཚོགས་གཞོན་སྐུ་ཞབས་ཨ་མི་བྷེ་ར་(Ami Bera) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་རིཡ་ནེ་ཊི་མི་ལར་མིག་(Mariannette Miller-Meeks)་མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ནི་ཀོལ་མ་ལིའོ་ཏ་ཀིས་(Nicole Malliotakis)་མཆོག་བཅས་ཡོད་པ་རེད།
གསར་འགོད་པ། དབྱངས་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།