ཉི་ཧོང་བོད་ཀྱི་དོན་གཅོད་དང་གཟིག་རྒྱབ་རིན་པོ་ཆེ་ཡིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་དོན་ཚན་གསུམ་བཏོན་འདུག

2024.05.08
ཉི་ཧོང་བོད་ཀྱི་དོན་གཅོད་དང་གཟིག་རྒྱབ་རིན་པོ་ཆེ་ཡིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་དོན་ཚན་གསུམ་བཏོན་འདུག ཉི་ཧོང་བོད་ཀྱི་དོན་གཅོད་དང་གཟིག་རྒྱབ་རིན་པོ་ཆེ་ཡིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་དོན་ཚན་གསུམ་བཏོན་སྐབས། ༠༥།༠༧།༢༠༢༤
CTA

ཟླ་བ་འདིའི་ཕྱི་ཚེས་༧ཉིན་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གནང་བ་ལྟར། ཉི་ཧོང་གྲོས་ཚོགས་འོག་མའི་རྒྱལ་སྤྱིའི་ཚོགས་ཁང་དུ་ཉི་ཧོང་གྲོས་ཚོགས་འཐུས་མི་ཚོར་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་བརྗོད་གཞིའི་ཐོག་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ་ཡོད་པ་དང་། དེར་ཉི་ཧོང་རང་དབང་མང་གཙོ་ཚོགས་པའི་ཚོགས་མི་(Ishibashi Rintaro)་ཨི་ཤི་པ་ཤི་རིན་ཏ་རོལ་ལགས་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཞིབ་འཇུག་བྱེད་མཁན་གྲོས་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་(Furuya Keiji)་ཕུ་རུ་ཡ་ཀི་ཇི་ལགས། དེ་བཞིན་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Shimomura Hakubun)་ཤི་མོ་མུ་ར་ཧ་ཀུ་བུན་ལགས་སོགས་ཀྱི་གཙོས་གཞན་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་དང་གསར་འགྱུར་བརྒྱུད་ལམ་ཁག་གི་མི་སྣ་བཅས་མཉམ་ཞུགས་གནང་ཡོད་འདུག

Zeekgyab Rinpoche Appeals to Japanese parliamentarians (1).jpg
སྐབས་དེར་རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་ཡིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གི་བཙན་འཁྲིད་འོག་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་སྟངས་དང་། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་དང་དམ་དྲག་ཆེ་རུ་འགྲོ་བཞིན་ཡོད་པའི་སྐོར་སོགས་ངོ་སྤྲོད་གནང་བ་དང་མཉམ། པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་ཡོང་ཐབས་དང་། རྒྱ་ནག་གི་སྟངས་འཛིན་འོག་གི་བོད་ནང་གི་བོད་མིའི་དཀའ་ངལ་སེལ་ཐབས་སུ་ཉི་ཧོང་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོའི་ངོས་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་ཡོད་པ་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་བཞིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་དེ་བཞིན་གསར་འགོད་པ་ཚོར། བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་དང་། རྒྱ་གཞུང་གིས་བོད་མིའི་ཐོག་སྔར་ལྷག་དམ་དྲག་བྱེད་བཞིན་ཡོད་པའི་སྐོར། ལྷག་པར་དུ་བཅའ་སྡོད་སློབ་གྲྭ་ཁག་ནང་བོད་ཕྲུག་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་གནང་ནས་ཉི་ཧོང་སྐུ་ཚབ་དོན་གཅོད་དང་གཟིག་རྒྱབ་རིན་པོ་ཆེ་མཆོག་གཉིས་ཀྱིས་མཉམ་དུ་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར། དང་པོ། ཉི་ཧོང་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གང་དུ་བཞུགས་ཡོད་པ་གསལ་བཤད་དང་། ཁོང་གློད་གྲོལ་གནང་ཐབས་དགོས་པ། གཉིས་པ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་དང་། བོད་ཀྱི་ཆོས་སྲིད་གཉིས་ཀྱི་ལས་དོན་ཐོག་ཐེ་བྱུས་བྱེད་བཞིན་པ། དེ་བཞིན་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐད་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་གཏན་འབེབས་བྱ་རྒྱུ། གསུམ་པ། ༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་འདི་བཞིན་ཞི་བའི་བསྟི་གནས་ཞིག་དུ་བསྒྱུར་རྒྱུ་དང་། བོད་ཀྱི་གནད་དོན་དེ་གྲོས་མོལ་དང་དབུ་མའི་ལམ་བརྒྱུད་ནས་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་གནང་རྒྱུ་བཅས་གནད་དོན་གསུམ་གྱི་ཐོག་འབོད་སྐུལ་ཞུས་ཡོད་འདུག

Zeekgyab Rinpoche Appeals to Japanese parliamentarians (2).jpg
སྤྱིར་སྔོན་མ་ཡིན་ན་ཉི་ཧོང་གྲོས་ཚོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་དེ་ཙམ་ཚད་མཐོ་པོ་མེད་ཀྱང་རྗེས་སུ་རིམ་པས་ཚད་མཐོ་རུ་ཕྱིན་པ་དང་། ད་སྐབས་ཉི་ཧོང་གྲོས་ཚོགས་ནས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་དང་གནང་མུས་ཡིན་པ་དེ་ཡང་གཙོ་བོ་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཇོ་ཨ་བྷེ་(Shinzo Abe)་དམ་པ་ཁོང་གིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་བཙུགས་གནང་ནས་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་སྔར་ལྷག་ཐོབ་ཡོད་པ་རེད་འདུག


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎