བོད་ནང་གི་རང་དབང་གནས་སྟངས་སྡུག་ཤོས་ཆགས་ཡོད་པ་སྙན་ཐོའི་ནང་བཀོད་འདུག

རང་དབང་ཁང་པས་ ༢༠༢༦ ལོའི་འཛམ་གླིང་ཐོག་གི་རང་དབང་གི་གནས་སྟངས་སྐོར་ལ་སྙན་ཐོ་བཏོན་ཡོད་པའི་ནང་བོད་ལ་སྐར་མ་ཀླད་ཀོར་སྤྲད་ཡོད་པ།

རང་དབང་ཁང་པས་ ༢༠༢༦ ལོའི་འཛམ་གླིང་ཐོག་གི་རང་དབང་གི་གནས་སྟངས་སྐོར་ལ་སྙན་ཐོ་བཏོན་ཡོད་པའི་ནང་བོད་ལ་སྐར་མ་ཀླད་ཀོར་སྤྲད་ཡོད་པ།

དེ་ཡང་རང་དབང་ཁང་པས་ (Freedom House) ༢༠༢༦ ལོར་བཏོན་པའི་སྙན་ཐོ་འདིའི་ནང་། འཛམ་གླིང་ཡུལ་གྲུ་ཁག་གི་སྤྱི་མང་དང་ཆབ་སྲིད་ཀྱི་རང་དབང་གི་གནས་སྟངས་ཐོག་ལ་སྐར་མ་བརྒྱ་ཐམ་པ་ནས་ཀླད་ཀོར་བར་སྤྲད་ཡོད་པ་དང་། དེའི་ནང་བོད་ནི་སྐར་མ་ཀླད་ཀོར་ཐོག་ནས་འཛམ་གླིང་སྟེང་རང་དབང་གི་གནས་སྟངས་ཆེས་སྡུག་ཤོས་ཀྱི་གྲས་སུ་བཞག་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་མིའི་ཆབ་སྲིད་ཀྱི་ཐོབ་ཐང་དང་། ཆོས་ལུགས་ཐོབ་ཐང་། སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐོབ་ཐང་བཅས་ལ་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་གསལ་སྟོན་བྱས་ཡོད། ཕྱི་ལོ་༢༠༢༥ ལོའི་ཟླ་ ༩ པར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་ཟེར་བའི་ཟིན་བྲིས་ཤིག་བཏོན་པ་དེས། བོད་མི་ཚུད་པའི་གྲངས་ཉུང་མི་རིགས་ཁག་ལ་བཙན་ཤེད་ངང་རྒྱ་མི་རིགས་དང་མཉམ་བསྲེས་བྱེད་པའི་ལས་གཞི་ཤུགས་ཆེ་རུ་བཏང་ཡོད་ལ། ལྷག་པར་དུ་བོད་ཕྲུག་ས་ཡ་གཅིག་ཙམ་གཞུང་བཙུགས་ཀྱི་གཏན་འཇགས་སློབ་གྲྭར་བཏང་བཅུག་སྟེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་ནས་རྒྱ་ཐག་རིང་དུ་གཏོང་བཞིན་པའི་གནད་དོན་ལ་སེམས་འཚབ་ཆེན་པོ་ཡོད་པ་སྙན་ཐོའི་ནང་གསལ་སྟོན་བྱས་འདུག

ཡང་བོད་ནང་གི་བོད་མི་ཚོར་ཆབ་སྲིད་ཐག་གཅོད་དབང་ཆ་མེད་པའི་ཐོག་བོད་མི་ཚོར་རང་ཉིད་ཀྱི་འགོ་ཁྲིད་འོས་འདེམས་བྱེད་པའི་རང་དབང་ཡང་རྩ་བ་ནས་མེད་པ་དཔེར་མཚོན་བཞག་ཡོད་པའི་ནང་། ༢༠༢༥ ལོའི་ཟླ་དང་པོར་ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ལ་བསྐོ་བཞག་བྱས་པ་ལྟ་བུ་ནི། རྒྱ་ནག་དམར་ཤོག་ཚོགས་པས་བསྐོ་བཞག་བྱས་པ་ལས་དམངས་གཙོའི་འགྲོ་ལུགས་བཞིན་གོ་གནས་ཐོག་སླེབས་པ་ཞིག་མིན་པ་བཀོད་འདུག

ཡང་ཆོས་དད་རང་དབང་སྐོར་གླེང་ཡོད་པའི་ནང་། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་གྱི་དབང་ཆ་རྒྱ་གཞུང་ལ་ཡོད་པའི་ཨུ་ཚུགས་བྱེད་བཞིན་པ་དེ་ནི་ཆོས་ལུགས་རང་དབང་ལ་བརྡལ་བཤིག་བཏང་བ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་ཅིང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་གནང་མཁན་ཧུང་ཀར་རྡོ་རྗེ་རིན་པོ་ཆེ་ཝིཡེཏ་ནམ་དུ་དགོངས་པ་རྫོགས་པའི་གནད་དོན་དེར་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱུང་ཡོད་པ་ཡང་བརྗོད་འདུག

དེ་བཞིན་སྙན་ཐོའི་ནང་བོད་མི་བཙན་ཤེད་ཀྱིས་གནས་སྤོ་བྱེད་བཅུག་པའི་སྐོར་ལ། ༢༠༡༦ ལོ་ནས་ ༢༠༢༤ ལོ་བར་བོད་མི་ ༡༤༠,༠༠༠ ཙམ་རང་གི་ཕ་ཡུལ་ནས་བཙན་ཤེད་ཀྱིས་གནས་སྤོ་བྱེད་བཅུག་པ་དང་། འབྲོག་པ་ཚོའི་ས་ཆའི་བདག་དབང་གཞུང་གིས་འཕྲོག་སྟེ་ཁོང་ཚོ་གཞུང་གི་རོགས་སྐྱོར་ལ་བརྟེན་དགོས་པ་བཟོས་ཡོད་པས། འདི་ནི་བོད་མིའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་རྩ་མེད་དུ་གཏོང་བའི་ཐབས་ལམ་ཞིག་ཡིན་པ་བཀོད་འདུག

རང་དབང་ཁང་པའི་སྙན་ཐོ་འདིས་བོད་ནང་གི་དངོས་ཡོད་གནས་ཚུལ་ནི་འཛམ་གླིང་ཐོག་གི་རང་དབང་གི་གནས་སྟངས་སྡུག་ཤོས་ཡིན་གསལ་སྟོན་བྱས་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་ཆེད་ནུས་པ་མཉམ་སྤུངས་དགོས་པའི་འབོད་སྐུལ་ཡང་གནང་འདུག

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།