༧གོང་ས་མཆོག་གི་ཡང་སྲིད་གནད་དོན་ཐད་རྒྱ་ནག་ལ་ཐེ་ཇུས་བྱེད་དབང་མེད་སྐོར་ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་གྱིས་གསུངས་པ།
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོཊ་གོང་མས་༧གོང་ས་མཆོག་གི་ཡང་སྲིད་གནད་དོན་ཐད་རྒྱ་ནག་གིས་ཐེ་ཇུས་བྱེད་ན་འགྲིག་གི་མེད་པའི་སྐོར་གྲོས་ཆོད་གྲོས་འཆར་ཞིག་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་དགག་པ་གནང་མཁན་གཅིག་ཀྱང་མེད་པར་གཏན་འབེབས་གནང་པར། རྒྱ་ནག་གཞུང་གིས་འདི་ནི་ཚབས་ཆེའི་ཐེ་ཇུས་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། གྲོས་འཆར་འདོན་མཁན་ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་འཇིཏ་ཀ་སེཏ་ལོ་ཝ་ (Jitka Seitlova) ལགས་ཀྱིས་རྒྱ་ནག་ནི་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཅིག་ཡིན་པས། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་གཞིར་བཟུང་བརྩི་བཀུར་བྱེད་དགོས་ཀྱི་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༤ ཚེས་ ༧ ཉིན་ཡིག་ཐོག་ནས་འགྲེལ་བརྗོད་གནང་བྱུང་།
འདི་ནི་ཅེག་གྲོས་ཚོགས་གོང་མའི་ནང་དུ་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་༧གོང་ས་མཆོག་གི་ཡང་སྲིད་གནད་དོན་ཐག་གཅོད་བྱེད་རྒྱུའི་བདག་དབང་ཡོངས་སུ་བོད་མི་ཚོར་ཡོད་པའི་གྲོས་ཆོད་གྲོས་འཆར་ཞིག་གཏན་འབེབས་གནང་པའི་ཉིན་གཅིག་གི་རྗེས་སུ་ཅེག་གི་རྒྱལ་ས་པི་རགྷ་ (Prague) ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་ཇུས་ཚབས་ཆེན་བྱས་པ་ཞིག་རེད་ཅེས་བརྗོད་པ་དེར་ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གི་བརྒྱུད་ལམ་ཐོག་ནས་ལན་འདེབས་བྱས་པ་ཞིག་ཆགས་ཡོད།

ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་འཇིཏ་ཀ་སེཏ་ལོ་ཝ་ (Jitka Seitlova) ལགས་ཀྱིས་ལན་འདེབས་གནང་པ་དེའི་ནང་། བསམ་བློ་དང་། སེམས་ཁམས། ཆོས་དད་ཀྱི་རང་དབང་བཅས་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་བཀུར་བའི་བདག་དབང་ཞིག་ཡིན་པས། རྒྱ་ནག་ནི་རྒྱལ་ཚོགས་ཀྱི་ཚོགས་མི་ཡིན་པས་འགན་ཁུར་དེ་དག་རྒྱ་ནག་ལའང་ཡོད་པ་རེད་ཅེས་བཀོད་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱིས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་གྲོས་ཆོད་འཇོག་དགོས་པའི་རྒྱུ་མཚན་གསུངས་པའི་ནང་། དེ་སྔའི་དབང་འཛིན་པའི་འགོག་གནོན་འོག་ཅེག་ཀོ་སོལོ་བ་ཀི་ཡ་ལ་མཚོན་ན་ཡང་། ཡི་ཤུའི་སྤྱི་ཚོགས་ཐོག་ཆོས་དད་ལ་བཀག་འགོག་དང་ཆད་པ་བཀལ་བ། གྲྭ་པ་དང་ཆོས་དཔོན་ཚོ་འདེམས་སྒྲུག་ཐད་ལ་རྒྱལ་ཁབ་གཞུང་གིས་ཐེ་ཇུས་བྱས་མྱོང་ཡོད་པ་དེ་དག་སེམས་ནང་དུ་དྲན་ཚོར་གསལ་པོ་ཡོད་པ་ལྟར། སྔོན་མའི་དབང་ཆ་གཅིག་སྡུད་ཀྱི་ཉམས་མྱོང་བག་ཆགས་དྲན་པའི་ཐོག་ནས་འགྲོ་བ་མིའི་གཞི་རྩའི་རང་དབང་ལ་བཀག་འགོག་བྱས་པ་ཚོའི་མཉམ་དུ་རྒྱབ་ལངས་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།
གྲོས་ཆོད་དེར་མངོན་ཐོན་གྱི་རྒྱབ་སྐྱོར་གནང་མཁན་ཁོངས་ནས་གྲོས་ཚོགས་འཐུས་མི་སྦརེ་ཏིསི་ལབ་ རེཆ་ལིཀ་ (Břetislav Rychlík) ལགས་ཀྱིས་གྲོས་ཚོགས་གོང་མའི་ཚོགས་གཙོ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བཀུར་བའི་འགོ་ཁྲིད་མཐོ་ཤོས་གཉིས་པ་དེ་ཡིན་པས། གྲོས་འཆར་འདི་ལ་གཞུང་ཚབ་བརྒྱུད་རྒྱ་ནག་གཞུང་གིས་གྲོས་ཆོད་ཀྱི་གྲོས་འཆར་ཟེར་བ་ཞེས་མི་འདོད་པའི་འབོད་ཚུལ་སྤྱོད་པ་འདི་ནི་ཧ་ལས་པ་ཞིག་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་ཡིག་ཐོག་ནས་ལན་འདེབས་གསལ་བཤད་གནང་པ་ཡང་བྱུང་ཡོད།
ཡོ་རོབ་གྲོས་ཚོགས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་ ༥ ནང་གྲོས་ཆོད་ཅིག་གཏན་འབེབས་གནང་པའི་ནང་། རྒྱ་ནག་གིས་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༥ པ་འདེམས་སྒྲུག་བྱེད་རྒྱུའི་ཐོག་ལ་ཐེ་ཇུས་བྱེད་བཞིན་པ་དང་ཆོས་ལུགས་ཀྱི་དབུ་ཁྲིད་ཚོའི་ཁ་གཏད་དུ་དྲག་གནོན་ལག་བསྟར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་པར། ཅེག་སྤྱི་མཐུན་རྒྱལ་ཁབ་ནི་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཅིག་གི་ངོས་ནས་ཅེག་རྒྱལ་ཁབ་ཀྱིས་གྲོས་ཆོད་ཅིག་གཏན་འབེབས་བྱས་པ་བརྒྱུད་ཡོ་རོབ་གྲོས་ཚོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་ Jitka Seitlova ལགས་ཀྱིས་གསུངས་བྱུང་།།
བརྙན་པར་སྒྲིག་སྦྱོར་བ། བཀྲ་དབང་།
