རྒྱ་ནག་གི་སྐྱོན་བརྗོད་ནི་འཆར་ཅན་ཞིག་རེད།


2017.04.02
རྒྱ་ནག་གི་སྐྱོན་བརྗོད་ནི་འཆར་ཅན་ཞིག་རེད། ༸གོང་ས་མཆོག་རྒྱ་གར་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་གཏན་འཁེལ་བར་རྒྱ་ནག་ཁོང་ཁྲོ་ཆེན་པོ་ལངས་ནས་སྐྱོན་བརྗོད་ཞུས་པ།
དགའ་ལྡན་ཕོ་བྲང༌།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱགར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་གཏན་འཁེལ་བར་རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ལངས་ནས་སྐྱོན་བརྗོད་ཞུ་བཞིན་པའི་ཐད་༸གོང་ས་མཆོག་གི་དགོངས་ཚུལ་ག་རེ་ཡོད་མེད་བཀའ་དྲི་ཞུས་པའི་བཀའ་ལན་དུ་ རྒྱ་ནག་གིས་སྐྱོན་བརྗོད་བྱས་པ་དེ་ནི་འཆར་ཅན་ཞིག་རེད་དཀའ་ངལ་ཡོད་པ་མ་རེད་ཅེས་བཀའ་ལན་གནང་ཡོད་ལུགས་དེ་རིང་Times of India ཞེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་བཞག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༤ཉིན་མོན་རྟ་དབང་དུ་ཆིབས་བསྒྱུར་གནང་གི་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རེས་གཟའ་པ་སངས་ཉིན་༸གོང་ས་མཆོག་རྒྱ་གར་བྱང་ཤར་དུ་ཕེབས་ཡག་དེས་རྒྱ་གར་དང་རྒྱ་ནག་གི་འབྲེལ་བར་དོ་ཕོག་ཆེན་པོ་ཐེབས་ཀྱི་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།  དེ་ནི་ཟླ་བ་གཅིག་གི་ནང་རྒྱ་ནག་གིས་ཉེན་བརྡ་བཏང་བ་ཐེངས་གཉིས་པ་དེ་རེད།
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོ་ཞིག་གི་སར་བྱམས་སྙིང་བརྗེའི་ལམ་ནས་ཞི་བདེ་བསྐྲུན་ཐབས་སྐོར་བཀའ་སློབ་གནང་བའི་ནང་ རྙོགས་ཁྲ་བཟོ་མཁན་མི་ངན་རེ་བཟུང་གིས་འཇིགས་སྐུལ་གྱི་ལས་བྱས་པར་ཆོས་ལུགས་བྱེ་དྲག་ཞིག་ལ་ཁ་གཡར་ནས་ཆོས་ལུགས་དེའི་རྗེས་འབྲང་བའི་སྤྱི་ཚོགས་ཡོངས་ལ་སྐྱོན་བརྗོད་བྱས་ན་སྒྲིག་གི་མ་རེད་ཅེས་བཀའ་གནང་བཞག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྙིང་རྗེ་དང་།ཤེས་རབ། ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གྱི་ལམ་ནས་བསམ་ཚུལ་བརྗེ་ལེན་དང་།  དེ་བཞིན་ཁ་ཞེ་གཉིས་མེད་ཀྱི་ལམ་ནས་བཟང་སྤྱོད་དང་ཚུལ་ཁྲིམས་སྲུང་པ་ཡིན་ན་འཚེ་བའི་ལས་མཇུག་བསྒྲིལ་གྱི་རེད་ཅེས་བཀའ་གནང་ཡོད་པའི་གནས་ཚུལ་འདུག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎