བོད་དང་བལ་ཡུལ་ས་མཚམས་སུ་ཕྱི་ཟླ་ ༨ ཚེས་ ༢༦ ཉིན་བྱུང་བའི་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེའི་རྗེས་སུ་ཆེད་ལས་མི་སྣས་བྱུང་རྐྱེན་ནི་འཁྱགས་རོམ་ཉིལ་བ་ལས་བྱུང་བ་ཞིག་དང་། རྒྱ་ནག་གཞུང་གིས་དྲ་རྒྱར་དམ་བསྒྲགས་དང་། བལ་ཡུལ་གྱི་མྱུར་སྐྱོབ་རུ་ཁག་གིས་རྒྱ་གར་དང་རྒྱ་ནག་གི་ཆེད་ལས་མི་སྣའི་རོགས་རམ་འོག ཆུ་གློག་ལས་གཞིའི་གཉེར་བཞིན་པའི་ཕུག་ལམ་ཁག་ནང་མི་ལུས་ཡོད་པར་ཚོད་དཔག་གིས་སྐྱོབ་ཐབས་བྱེད་བཞིན་འདུག
གངས་རི་བསྐྱར་དུ་ཉིལ་བའི་ཉེན་ཁ་དང་བྱུང་རྐྱེན།
གནོད་འཚེ་བྱུང་སའི་ཉེ་འཁོར་དུ་གངས་རི་བསྐྱར་དུ་ཉིལ་བའི་ཉེན་ཁ་ཡོད་པ་དང་། འདམ་རྡོ་ས་རུད་བྱུང་ནས་ཆུ་འགག་སྟེ་མཚེའུ་གསར་པ་ཆགས་པའི་ཉེན་ཁ་ཡོད་པ་ཡང་རྒྱ་ནག་གཞུང་གི་བརྒྱུད་ལམ་ནས་བརྗོད་འདུག་ཅིང་། རྒྱ་ནག་གཞུང་ཕྱོགས་ཀྱིས་ད་རེས་ཀྱི་གནོད་འཚེ་འདི་ནི་གོ་ལའི་དྲོད་ཚད་ཡུན་རིང་འཕེལ་བའི་ཤུགས་རྐྱེན་འོག བལ་ཡུལ་ས་ཁོངས་ཀྱི་ས་མཐོའི་གངས་རི་ཞིག་གི་འཁྱགས་རོམ་བརྟན་པོར་གནས་མི་ཐུབ་པར་ཉིལ་བ་ལས་བྱུང་བའི་གནོད་འཚེ་ཡིན་པ་བརྗོད་ཡོད། ཚེས་ ༣༡ ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཀུའོ་ཅཱ་ཁུན་གྱིས་ཀྱང་། རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་ཆེད་ལས་མི་སྣ་དང་གཞུང་འབྲེལ་ལས་ཁུངས་ཀྱི་དཔྱད་ཞིབ་བྱས་པ་བརྒྱུད། གནོད་འཚེ་དེ་བལ་ཡུལ་ས་ཁོངས་ཀྱི་ས་མཐོའི་གངས་རིའི་འཁྱགས་རོམ་ཉིལ་བ་ལས་བྱུང་བ་བརྗོད་འདུག
འོན་ཀྱང་རོའི་ཊརསི་གསར་ཁང་ལ་བལ་ཡུལ་གྱི་ལས་བྱེད་གཉིས་ཀྱིས། འདི་ལོའི་སྔོན་དུ་གནོད་འཚེའི་ཐད་མཉམ་ལས་སྐོར་གྲོས་མོལ་བྱས་རྗེས་ཀྱང་། རྒྱ་ནག་གིས་གངས་རིའི་ཉེན་ཁ་དང་ཆུ་ཚད་སྐོར་གྱི་གནས་ཚུལ་འདང་ངེས་མཉམ་སྤྱོད་བྱས་མེད་པ་དང་། གནས་ཚུལ་མཉམ་སྤྱོད་མ་བྱས་པ་དེས་མ་འོངས་པའི་གནོད་འཚེར་སྔོན་འགོག་བྱེད་པར་དཀའ་ངལ་བཟོ་སྲིད་པའི་སེམས་འཚབ་ཡོད་པ་བརྗོད་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་དེའི་ལན་དུ། རྒྱ་ནག་གིས་བལ་ཡུལ་ལ་གནམ་གཤིས་དང་ཆུའི་དཔྱད་ཞིབ་ཀྱི་གནས་ཚུལ་མུ་མཐུད་མཁོ་སྤྲོད་བྱས་ཡོད་པ་བརྗོད་སྐོར་རོའི་ཊརསི་གསར་ཁང་གིས་ལུང་འདྲེན་བྱས་འདུག
རྒྱ་ནག་གཞུང་གིས་དྲ་ལམ་ཐོག་གནས་ཚུལ་སྤེལ་མཁན་ལ་ཉེས་ཆད།
ཡང་ཚེས་ ༣༡ ཉིན་སྤེལ་བའི་རྒྱ་ནག་སྤྱི་བདེ་ལྷན་ཁང་གིས་ ༢༠༢༦ གི་དྲ་རྒྱ་གཙང་སེལ་ཞེས་པའི་ལས་འགུལ་ཁྲོད་ནས་སྐྱིད་གྲོང་འགག་སྒོའི་གནོད་འཚེའི་སྐོར་དྲ་ལམ་ཐོག་ལ་དཀྲོག་གཏམ་སྤེལ་མཁན་ལ་ཉེས་ཆད་གཏོང་བཞིན་ཡོད་པ་བརྗོད་ནས་གྱོད་དོན་དཔེ་མཚོན་ ༡༠ གསལ་བསྒྲགས་བྱས་འདུག དེ་ཡང་སྐྱིད་གྲོང་ཁུལ་གྱི་གནོད་འཚེའི་ཁྲོད་འདས་གྲོངས་སུ་སོང་བའི་གྲངས་ཐོ་དང་གར་སོང་ཆ་མེད་དུ་སོང་བའི་གྲངས་ཐོ་རྫུན་གཏམ་བཤད་པར་ངོས་འཛིན་གྱིས་ཉེས་ཆད་བཏང་ཡོད་འདུག་ལ། རྒྱ་ནག་གི་《བདེ་འཇགས་དོ་དམ་ཉེས་ཆད་བཅའ་ཁྲིམས་》ཀྱི་དོན་ཚན་ ༢༩ ལྟར་ན། ཆེད་མངགས་ཀྱིས་གནོད་འཚེ་སོགས་ཀྱི་རྫུན་གཏམ་སྤེལ་ཏེ་སྤྱི་ཚོགས་ལ་གནོད་པ་བཟོས་པར་ཉིན་ལྔ་ནས་བཅུ་བར་བཀག་ཉར་དང་དངུལ་གྱི་ཉེས་ཆད་གཅོད་ཆོག་པ་གསལ་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་འབྲེལ་ཡོད་སྐྱིད་གྲོང་ཁུལ་གྱི་གནོད་འཚེ་འདིའི་གནས་ཚུལ་དང་བརྙན་བཞག་པ་ཁག་གང་མྱུར་དྲ་རྒྱའི་དོ་དམ་པས་མེད་པ་བཟོས་པ་དང་བཀག་བཞིན་ཡོད་པ་བོད་ནས་བརྗོད་བྱུང་ལ། སྐྱིད་གྲོང་ཁུལ་གྱི་ལས་ཁུངས་ཁག་ལ་གནས་ཚུལ་རྩད་གཅོད་བྱས་སྐབས་གཞུང་གི་གསར་འགྱུར་གཞི་བཞག་བྱ་རོགས་ཟེར་བ་དང་། གནས་ཚུལ་གསར་པ་ཁག་གཞུང་གི་གསར་འགྱུར་ནང་ཡོད་ཅེས་བརྗོད་ཀྱི་འདུག
བོད་བལ་གཉིས་ཀྱི་འགག་སྒོ་ཤུལ་མེད་སོང་ཡོད་པ།
ཚེས་ ༣༡ ཉིན་བར་མཚོན་ན། བལ་ཡུལ་དུ་མི་ ༩༠༣ འདས་གྲོངས་སུ་སོང་བ་གཏན་འཁེལ་བྱུང་ཡོད་པ་དང་། གར་སོང་ཆ་མེད་དུ་སོང་བའི་མི་ ༤༢༤༧ ཡོད་པའི་ནང་མི་ ༩༣༣ ནི་ཆུ་གློག་ལས་གཞི་དང་འབྲེལ་བའི་ལས་མི་ཡིན་པ་དང་། མང་པོ་ཞིག་ཕུག་ལམ་ཁག་ནང་ལུས་ཡོད་པར་ཚོད་དཔག་བྱེད་བཞིན་འདུག་ལ། བལ་ཡུལ་དམག་དཔུང་གིས་ཐབས་ཤེས་འདྲ་མིན་བེད་སྤྱད་དེ་ཕུག་ལམ་གཉིས་ནང་འཛུལ་རྗེས་ཕུང་པོ་གསུམ་རྙེད་ཡོད་ཀྱང་། ས་ཁུལ་མང་པོ་ད་དུང་འདམ་རྡོས་ཁེངས་ཡོད་པས་འཚོལ་ཞིབ་མུ་མཐུད་བྱེད་བཞིན་ཡོད་སྐོར་རོའི་ཊརསི་གསར་ཁང་གིས་གནས་ཚུལ་སྤེལ་འདུག
བལ་ཡུལ་ཕྱོགས་ནས་ཕྱི་རྒྱལ་རྒྱལ་ཁབ་ ༣༩ ཡི་མི་སེར་ ༥༩༠ ཙམ་ད་དུང་རྩད་རྙེད་མི་ཐུབ་པར་གནས་ཤིང་། ཕྱི་རྒྱལ་མི་སེར་ ༣༢༣ ཚུད་པའི་མི་ཁྲི་གཅིག་ལྷག་ཙམ་སྐྱོབ་ཐུབ་ཡོད་པ་བརྗོད་འདུག
ཡང་བོད་ཀྱི་སྐྱིད་གྲོང་རྫོང་དུ་མི་ ༡༦ འདས་གྲོངས་སུ་སོང་བ་དང་མི་ ༥༤༦ གར་སོང་ཆ་མེད་དུ་སོང་ཡོད་པ་རྒྱ་ནག་གཞུང་ཕྱོགས་ཀྱིས་བརྗོད་ཡོད་ལ། ཕྱི་རྒྱལ་རྒྱལ་ཁབ་ ༢༣ གྱི་མི་སེར་ ༢༦༡ དང་འབྲེལ་བ་ཆད་ཡོད་པ་བརྗོད་ཡོད།
སྐྱིད་གྲོང་འགག་སྒོའི་གནོད་འཚེ་ཕོག་ཡུལ་དུ་མྱུར་སྐྱོབ་མི་སྣ་འབྱོར་རྗེས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་ཐོག་བརྩེགས་ཅན་གྱི་འགག་སྒོ་ད་ལྟའི་ཆར་ཤུལ་ཙམ་ཡང་མ་ལྷག་པར་མཐོང་རྒྱུ་མེད་པ་བཟོས་ཡོད་པའི་བརྙན་མཐོང་རྒྱུ་འདུག་ལ། འཚོལ་ཞིབ་ལས་ཀར་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཆོས་ཕྱོགས་དབུ་ཁྲིད་ནས་དམིགས་བསལ་ཐུགས་སྨོན་གནང་བ།
ཚེས་ ༣༠ ཉིན་ལ་དྭགས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། ༧གོང་ས་མཆོག་གིས་བོད་ཕྱོགས་སྐྱིད་གྲོང་དང་བལ་ཡུལ་ཕྱོགས་ཀྱི་ར་སུ་ཝ་ཁུལ་གྱི་ས་གནས་མང་པོར་ཆུ་ལོག་དང་ས་རུད་ཚབས་ཆེའི་རྐྱེན་ངན་འོག་འདས་གྲོངས་ཕྱིན་པ་དང་གར་སོང་ཆ་མེད་དུ་གྱུར་པ། རྨས་སྐྱོན་ཕོག་པ་དང་དཀའ་ངལ་འཕྲད་པ། ཤུལ་ལུས་ནང་མི་བཅས་ཀྱི་ཆེད་དུ་དམིགས་བསལ་ཐུགས་སྨོན་གནང་ཡོད་པ་དང་། ཡང་དེ་དང་དུས་མཚུངས་ཚེས་ ༣༠ ཉིན། ཡི་ཤུའི་བླ་ཆེན་པོཔ་ལིའུ་༡༤ མཆོག་གིས་རེས་གཟའ་ཉི་མའི་སྨོན་ལམ་གྱི་སྐབས་སུ། བལ་ཡུལ་དང་བོད་དུ་ཐོན་པའི་ཆུ་ལོག་གི་གནོད་འཚེས་ཤུགས་རྐྱེན་ཐེབས་པའི་མི་རྣམས་ཀྱི་ཆེད་དུ་ངས་སྨོན་ལམ་འདེབས་ཀྱི་ཡོད། ང་ཚོས་འདས་གྲོངས་སུ་སོང་བ་དང་རྨས་སྐྱོན་ཕོག་པ། གར་སོང་ཆ་མེད་དུ་སོང་བ། དེ་བཞིན་ཁོང་ཚོའི་ནང་མི་དང་མྱུར་སྐྱོབ་ལས་དོན་པ་རྣམས་ཀྱི་ཆེད་དུ་མཉམ་དུ་སྨོན་ལམ་འདེབས་རྒྱུ་དང་། ཚང་མའི་བྱམས་བརྩེ་དང་སྙིང་རྗེའི་ཀུན་སློང་གིས་གནོད་འཚེ་ཕོག་པའི་མི་རྣམས་ཀྱི་སྡུག་བསྔལ་ཆུང་དུ་གཏོང་བ་དང་། ཁོང་ཚོར་དགོས་ངེས་ཀྱི་རོགས་སྐྱོར་ཐོབ་པར་ཤོག་ཅེས་སྨོན་ལམ་གནང་འདུག
