བྱང་ཨ་རིའི་བོད་ཕྲུག་གིས་བོད་སྐད་བཤད་ཤེས་སམ།

བྱང་ཨ་རིའི་ནང་འཚར་ལོངས་བྱུང་བཞིན་ཡོད་པའི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ།

བྱང་ཨ་མི་རིའི་ནང་སྐྱེས་ནས་འཚར་ལོངས་བྱུང་བའི་བོད་ཕྲུག་ཚོ་ནི་ཉིན་ལྟར་དབྱིན་ཡིག་གི་ཁོར་ཡུག་ཅིག་གི་ནང་དུ་འཚོ་བ་སྐྱེལ་བཞིན་ཡོད། ཁོང་ཚོའི་སློབ་གྲྭ་དང་། གྲོགས་པོ་གྲོགས་མོ། སྤྱི་ཚོགས་སོགས་ཀྱི་འབྲེལ་བའི་བརྒྱུད་ལམ་ནི་ཧ་ལམ་ཚང་མ་དབྱིན་སྐད་ཐོག་བྱེད་དགོས་ཀྱི་ཡོད། དེར་བརྟེན་ཁོང་ཚོས་བོད་སྐད་ཡག་པོ་བཤད་ཤེས་ཀྱི་ཡོད་དམ།

ཨ་རིའི་བྱང་ཁེ་ལི་ཧྥོ་ཎི་ཡ་ནས་ཡིན་པའི་སློབ་མ་བསོད་ནམས་གཡང་འཛིན་ལགས་ཀྱིས་ང་ཚོ་ཨ་རིའི་ནང་རང་དབང་ཧ་ལས་པའི་ཡག་པོ་ཡོད་དུས་ང་ཚོས་བོད་སྐད་སྦྱོང་རྒྱུ་དང་བོད་སྐད་བཤད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་བྱུང་།

བྱང་ཨ་རིའི་བོད་རིཊ་སྤྱི་མཐུན་ཚོཊ་པ་ཁག་གི་གཟའ་འཇུག་སློབ་གྲྭའི་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་ཚོགས་པ། བྱང་ཨ་རིའི་བོད་རིཊ་སྤྱི་མཐུན་ཚོཊ་པ་ཁག་གི་གཟའ་འཇུག་སློབ་གྲྭའི་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་ཚོགས་པ།

བྱང་ཨ་རིའི་ནང་མཚོན་ན། གཟའ་མཇུག་བོད་ཡིག་སློབ་གྲྭ་ཟེར་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་གསོ་སྤྲོད་བཞིན་ཡོད། ཨ་རིའི་རྒྱལ་སའི་ཁུལ་ནས་ཡིན་པའི་སློབ་མ་དགེ་སེམས་རྡོ་རྗེ་ལགས་ཀྱིས། ང་ཚོ་འདིར་ཨ་རིའི་ཝི་ཇི་ཎི་ཡ་ནང་བོད་ཡིག་སློབ་གྲྭ་ཧ་ཅང་ཡག་པོ་ཞིག་ཡོད་པ་དེར་ང་རང་གཟའ་ཉི་མ་རྟག་པར་བོད་ཡིག་སྦྱོང་བར་འགྲོ་བཞིན་ཡོད་ཅེས་ངོ་སྤྲོད་གནང་བྱུང་།

ཡང་སློབ་མ་བསོད་ནམས་གཡང་འཛིན་ལགས་ཀྱིས། བོད་ཡིག་བོད་སྐད་སྦྱོང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ང་ཚོ་བོད་པ་ཡིན་དུས་བོད་ཡིག་བོད་སྐད་མ་ཤེས་ན་བོད་པ་ཡིན་པའི་ངོ་བོ་བཤད་ཁག་པོ་རེད་ཅེས་དང་། ཧྥི་ལེ་ཌལ་ཧྥི་ཡ་ནས་ཡིན་པའི་སློབ་མ་བཀྲིས་ཟླ་བ་ལགས་ཀྱིས་གསུངས་པར། བོད་ཡིག་སློབ་སྦྱོང་བྱེད་རྒྱུ་འདི་གལ་ཆེན་པོ་རེད། བོད་མི་མང་པོ་མེད་པ་དང་། བོད་ནང་བོད་ཡིག་བེད་སྤྱོད་ཡག་པོ་གཏོང་ཐུབ་ཀྱི་མེད་ལ། ༧རྒྱལ་བ་རིན་པོ་ཆེར་གུས་ཞབས་ཞུ་ཐུབ་ཀྱི་མེད། ང་ཚོ་ཨ་རིའི་ནང་སླེབས་ཡོད་དུས་རང་དབང་ཡོད་རེད། འདི་བེད་སྤྱོད་གཏོང་རྒྱུ་གལ་ཆེན་པོ་རེད། ངའི་བོད་སྐད་ཡག་པོ་དེ་ཙམ་མེད། ཡིན་ན་ཡང་བེད་སྤྱོད་གཏོང་དགོས་ཀྱི་ཡོད་ཅེས་གསུངས་བྱུང།

ནིའུ་ཡོག་ཏུ་སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་དང་བསྟུན་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ཕན་ཚུན་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་འདི་གཉེར་ཡོད་པ།   ༢༠༢༦།༤།༤
བྱང་ཨ་རིའི་བོད་ཕྲུག་གིས་བོད་སྐད་བཤད་ཤེས་སམ། ནིའུ་ཡོག་ཏུ་སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་དང་བསྟུན་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ཕན་ཚུན་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་འདི་གཉེར་ཡོད་པ། ༢༠༢༦།༤།༤ (NYNJ)

བོད་པའི་ཕྲུ་གུ་ཚོའི་ངོས་ནས་བཤད་ན། བོད་ཡིག་བོད་སྐད་བེད་སྤྱོད་བྱེད་ས་མེད་པའི་ནུབ་ཕྱོགས་ཡུལ་གྲུའི་ནང་། གཟའ་མཇུག་ལ་བོད་ཡིག་སློབ་སྦྱོང་བྱས་པ་ཕུད། དེ་མིན་དུས་ཚོད་ནི་དབྱིན་སྐད་བཀོལ་སྤྱོད་བྱེད་ཡུལ་གྱི་སྤྱི་ཚོགས་ནང་གནས་ཡོད་པས། ཕ་མའི་འབད་བརྩོན་ནི་གལ་ཆེན་པོ་ཞིག་ཆགས་ཡོད།

ཡང་ཨ་རིའི་མེ་ཎི་སོ་ཊ་ནས་ཡིན་པའི་བུ་མོ་པད་མ་ཆོས་དབྱངས་ལགས་ཀྱིས། ངའི་པཱ་ལགས་དང་ཨ་མ་ལགས་ཀྱིས་ང་ལ་བོད་ཡིག་མུ་མཐུད་བསླབ་གནང་ཡོད། ཕ་མའི་བཀའ་དྲིན་ལ་བརྟེན་ནས་ངས་བོད་ཡིག་དང་ནང་ཆོས་སོགས་མང་པོ་ཤེས་སོང་ཞེས་དང་། ཁེ་ཎ་ཌ་ནས་ཡིན་པའི་བུ་མོ་བསྟན་འཛིན་ཉི་སྒྲོན་ལགས་ཀྱིས། ངས་ཁྱིམ་ཚང་ནང་ཕ་མ་དང་ཨ་ཅག་མཉམ་དུ་བོད་སྐད་གཤོད་ཀྱི་ཡོད་ལ། གཟའ་ཉི་མ་རྟག་ཏུ་གངས་ལྗོངས་ཆོས་ལྡན་གླིང་དུ་བོད་ཡིག་སྦྱོང་བར་འགྲོ་བཞིན་ཡོད་པ་དང་། རྒྱ་གར་ལ་དཔེ་སྟོན་སློབ་གྲྭ་དང་བོད་ཕྲུག་ཁྱིམ་སྡེར་སྐྱོད་མྱོང་ཡོད་པ་གསུངས་བྱུང་།

བྱང་ཨ་རིའི་ནང་གི་བོད་ཕྲུག་ཚོའི་རྒྱབ་ཏུ་མཐོང་རྒྱུ་ཡོད་པ་ནི་ཕ་མ་ཚོའི་མུ་མཐུད་པའི་ཨུ་ཚུགས་དེ་ཆགས་ཀྱི་ཡོད་ལ། བོད་ཕྲུག་ཚོའི་ཁྲོད་རེ་བ་བྱེད་བཞིན་པ་ནི། རང་ཉིད་ཀྱི་ཕྲུ་གུས་རང་གི་སྐད་ཡིག་མ་བརྗེད་པ་བྱ་རྒྱུ་དེ་ཆགས་ཡོད།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་དང་བསྟུན་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ཕན་ཚུན་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་འདི་གཉེར་ཡོད་པ།   ༢༠༢༦།༤།༤
བྱང་ཨ་རིའི་བོད་ཕྲུག་གིས་བོད་སྐད་བཤད་ཤེས་སམ། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་དང་བསྟུན་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ཕན་ཚུན་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་འདི་གཉེར་ཡོད་པ། ༢༠༢༦།༤།༤ (NYNJ)

ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བཞུགས་མཁན་བསོད་ནམས་དབང་འདུས་ལགས་ཀྱིས་བུ་ཕྲུག་ལ་བོད་ཡིག་བོད་སྐད་ཀྱི་སློབ་གསོ་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ལ་གསུངས་པར། སེམས་ལ་དཀའ་ངལ་ཆེ་ཤོས་ནི་ཕྲུ་གུས་བོད་སྐད་མ་བཤད་ན་དཀའ་ངལ་འདུག་པས། བོད་སྐད་བཤད་ཐུབ་པའི་ཐབས་ཤེས་བྱེད་ཀྱི་ཡོད། བོད་ནང་གི་གནས་ཚུལ་ཚང་མས་མཁྱེན་གསལ་རེད། རྒྱ་སྐད་འདི་སྐད་ཡིག་དང་པོར་བཞག་ནས་སློབ་སྦྱོང་བྱེད་བཅུག་པ་དང་། བོད་ཡིག་སློབ་སྦྱོང་ཐད་བཀག་འགོག་མང་པོ་བྱེད་བཞིན་ཡོད། ང་ཚོའི་སྐད་ཡིག་འདི་བརླག་སོང་ན་བོད་པའི་ངོ་བོ་བརླག་པ་རེད་ཅེས་གསུངས་བྱུང་། ཧྥི་ལེ་ཌལ་ཧྥི་ཡའི་ཁུལ་གྱི་གཟའ་མཇུག་སློབ་གྲྭའི་སློབ་སྤྱི་ཐུབ་བསྟན་ཆོས་ཉིད་ལགས་ཀྱིས་ངོ་སྤྲོད་གནང་པར། ང་ཚོ་རང་དབང་ལུང་པའི་ནང་བསྡད་ཡོད་དུས་འགན་ཆེན་པོ་ཞིག་ཡོད་པ་དང་། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཡང་འདི་ལྟར་རེད། བོད་དོན་འཐབ་རྩོད་དང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐད་དང་ཡི་གེ་ནི་སྲོག་རྩ་ནང་བཞིན་ཆགས་ཡོད་དུས། འདིའི་ཐོག་ཤུགས་རྒྱག་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད་འདུག་ཅེས་གསུངས་བྱུང།

འོན་ཀྱང་དངོས་ཡོད་གནས་སྟངས་ནི་དེ་འདྲའི་ལས་སླ་པོ་ཞིག་རྩ་བ་ནས་མེད། དབྱིན་སྐད་གཙོ་བོར་གྱུར་པའི་རང་དབང་ལུང་པའི་ནང་འཚར་ལོངས་བྱུང་པའི་བོད་ཕྲུག་ཚོར་བོད་ཡིག་སྦྱོང་རྒྱུར་ཨུ་ཚུགས་བྱེད་དུ་འཇུག་པ་ལ། དུས་ཚོད་གཏོང་དགོས་ཀྱི་ཡོད་ལ། ཕ་མའི་ངོས་ནས་བཟོད་བསྲན་ཡང་དགོས་ཀྱི་ཡོད།

ནིའུ་ཡོག་ཏུ་སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་དང་བསྟུན་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ཕན་ཚུན་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་འདི་གཉེར་ཡོད་པ།   ༢༠༢༦།༤།༤
བྱང་ཨ་རིའི་བོད་ཕྲུག་གིས་བོད་སྐད་བཤད་ཤེས་སམ། ནིའུ་ཡོག་ཏུ་སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་དང་བསྟུན་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ཕན་ཚུན་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་འདི་གཉེར་ཡོད་པ། ༢༠༢༦།༤།༤ (NYNJ)

ཡང་ཨ་རིའི་སྦོ་སི་ཊོན་ས་གནས་ཀྱི་གཟའ་མཇུག་སློབ་གྲྭའི་འགན་འཛིན་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་གནང་བ་བཞིན་ཕྲུ་གུ་ཆུང་ཆུང་དུས་ནས་ཕ་མས་ཁྱིམ་ཚང་ནས་བོད་སྐད་བཤད་རྒྱུ་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་སློབ་གསོ་སྤྲོད་བཞིན་པ་ཡིན་ཞེས་གསུངས་བྱུང་ལ། ཁེ་ཎ་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཚེ་རིང་དོན་གྲུབ་ལགས་དང་བཀའ་མོལ་ཞུ་སྐབས་ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་སྟེ་སྟོན་པའི་མཛད་རྣམ་དང་བོད་ཀྱི་གྲུབ་མཐའ་ཁག དེའི་ནང་ནས་གཞི་དངོས་པོའི་གནས་ཚུལ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། སྟོང་ཉིད་སོགས་ཀྱི་ཐོག་ངོ་སྤྲོད་ཞུ་བཞིན་ཡོད་པ་གསུངས་བྱུང་།

ཡང་བྱང་ཨ་རིའི་ནང་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་ནང་དུ། ངང་རྒྱུད་རིང་པིའི་ཐོག་མུ་མཐུད་འབད་བརྩོན་བྱེད་ཡོད་པའི་མི་ཚོགས་གཞན་ཞིག་ནི་དགེ་རྒན་ཚོ་ཡིན་ལ། མང་པོ་ཞིག་ནི། དང་བླངས་པ་ཆགས་ཡོད། ཁོ་ཚོས་བོད་ཡིག་བོད་སྐད་ཀྱི་སློབ་གསོ་ཙམ་མ་ཡིན་པར། ལོ་རྒྱུས་དང་། རིག་གཞུང་། དེ་བཞིན་རང་ཉིད་སུ་ཡིན་པའི་ངོ་བོ་ངོས་འཛིན་ཐུབ་པའི་བསླབ་བྱ་དེ་སྤྲོད་བཞིན་ཡོད་འདུག

སྦོ་སི་ཊོན་ནས་ཡིན་པའི་བོད་ཡིག་དགེ་རྒན་ཀརྨ་ཕུན་ཚོགས་ལགས་ཀྱིས། དུས་རྒྱུན་དུ་ཕ་མ་མཉམ་དུ་ཉིན་རེའི་འཚོ་བའི་ནང་བོད་སྐད་བཤད་མཁན་ཞིག་ཡིན་ན། དགེ་རྒན་གྱིས་བསླབ་བདེ་བ་དང་། ཁ་ལ་ཉན་པ། སྤྱོད་ལམ་སོགས་གང་ཐད་ནས་ལེགས་པ་ཡོང་གི་འདུག་ཅེས་གསུངས་བྱུང་།

ཨ་རིའི་མེ་ཎི་སོ་ཊ་ཡི་བོད་ཡིག་དགེ་རྒན་སྐལ་བཟང་བདེ་སྐྱིད་ལགས་ཀྱིས་རིག་གཞུང་སློབ་གྲྭའི་དགེ་རྒན་ཚོས་སྐུ་ལས་ཆེན་པོ་སྐྱོན་གྱི་ཡོད་པ་དང་། རང་ཉིད་ཀྱི་ངོས་ནས་ཀྱང་ཕྲུ་གུས་བོད་ཡིག་ཀློག་ཐུབ་པ་དང་ཤེས་ཐུབ་པ། འབྲི་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། ང་རང་ཡང་ཕྲུ་གུ་གསུམ་གྱི་ཨ་མ་ཞིག་ཡིན་པས། ཁྱིམ་ཚང་ནང་དུ་ཡང་གང་ཐུབ་ཀྱིས་བོད་སྐད་བཤད་ཀྱི་ཡོད་ལ། བོད་ཡིག་ཀློག་བཅུག་པ་སོགས་བྱེད་ཀྱི་ཡོད། དེ་བཞིན་རྒན་ལགས་ཚང་མས་འདི་ལྟར་གནང་བཞིན་ཡོད་ཅེས་གསུངས་བྱུང་།

བོད་ཕྲུག་ཚོར་སློབ་གསོ་བྱ་རྒྱུ་འདི་སློབ་གྲྭ་དང་ཁྱིམ་ཚང་གཅིག་པུ་མ་ཡིན་པར་སྤྱི་ཚོགས་ཡོངས་ཀྱི་རྒྱབ་སྐྱོར་འདི་གལ་ཆེན་པོ་ཞིག་ཆགས་ཡོད་པས། ཨ་རིར་ཡོད་པའི་བོད་ཀྱི་ཐེབས་རྩའི་ལས་བྱེད་རྡོ་རྗེ་སྐྱིད་ཀྱིས་ངོ་སྤྲོད་གནང་བར། བོད་པའི་སྤྱི་ཚོགས་ཡོངས་ཀྱིས་བོད་ཡིག་བོད་སྐད་འདི་གལ་ཆེན་པོ་རྩིས་བཞིན་ཡོད་པ་ལྟར་ང་ཚོའི་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༤ ནས་ཕྱག་ལས་མང་པོ་ཞིག་གནང་ཡོད་པ་དཔེར་ན། བྱིས་པའི་སྒྲུང་དེབ་མང་པོ་པར་བསྐྲུན་ཞུས་ཡོད་པ་དང་། སྐད་ཡིག་གཞན་ནང་ཡོད་པའི་གྲགས་ཆེ་བའི་སྒྲུང་མང་པོ་བོད་ཡིག་ཐོག་ཕབ་བསྒྱུར་ཞུས་ཡོད་ལ། དེ་བཞིན་དགེ་རྒན་མང་པོར་ཟབ་སྦྱོང་ཕུལ་ཡོད་ཅེས་གསུངས་བྱུང་།

ནིའུ་ཡོག་ཏུ་སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་དང་བསྟུན་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ཕན་ཚུན་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་འདི་གཉེར་ཡོད་པ།   ༢༠༢༦།༤།༤
བྱང་ཨ་རིའི་བོད་ཕྲུག་གིས་བོད་སྐད་བཤད་ཤེས་སམ། ནིའུ་ཡོག་ཏུ་སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་དང་བསྟུན་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ཕན་ཚུན་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་འདི་གཉེར་ཡོད་པ། ༢༠༢༦།༤།༤ (NYNJ)

ཕྲུ་གུར་ཤེས་ཡོན་སློབ་གསོ་སྤྲོད་པའི་བརྒྱུད་རིམ་ནང་བདུན་ཕྲག་གཅིག་ལ་སློབ་ཚན་ཐེངས་གཅིག་གིས་འགྲིག་ཐབས་མེད་ཀྱང་། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་ཁྱོན་ཡོངས་ཀྱི་འབད་བརྩོན་བྱས་ན་གྲུབ་འབྲས་ཐོན་རྒྱུ་ནི་ངེས་པ་ཞིག་ཆགས་ཡོད།

ཡང་མེ་ཎི་སོ་ཌ་ཡི་ཟློས་གར་དགེ་རྒན་བསྟན་འཛིན་ཆོས་བཟང་ལགས་ནི་ཨ་རིའི་ནང་འཚར་བའི་གཞོན་སྐྱེས་ཤིག་ཡིན་ཞིང་། ཁོང་གིས་གསུངས་པར། ང་རང་ཨ་རིར་སྐྱེས་པའི་གཞོན་སྐྱེས་ཤིག་ཡིན་དུས་ལོ་གཞོན་པ་ཚོས་བོད་ཀྱི་རིག་གཞུང་དང་སྐད་ཡིག རྒྱལ་རབས་ལོ་རྒྱུས་ལ་དོ་སྣང་བྱས་པ་འདི་ནི་ཧང་སངས་པའི་དགའ་པོ་དང་སྤོབས་པ་ཡོང་གི་འདུག ཨ་རིའི་ནང་ཡོད་པའི་བོད་པ་མང་ཆེ་བ་དུས་ཚོད་དཀོན་པོ་རེད། དེར་བརྟེན་ང་ཚོའི་གཟའ་མཇུག་སློབ་གྲྭར་དུས་ཚོད་ཐུང་ཐང་ནང་སྐད་ཡིག་དང་རིག་གཞུང་ངོ་སྤྲོད་བྱ་རྒྱུ་འདི་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག

ཨ་རིའི་རྒྱལ་སའི་ཁུལ་གྱི་སློབ་མ་དགེ་སེམས་རྡོ་རྗེ་ལགས་ཀྱིས་མུ་མཐུད་གསུངས་པར། ང་ཚོ་བོད་ཀྱི་རང་དབང་འཐབ་རྩོད་འདི་མཉམ་དུ་བྱེད་ཀྱི་ཡོད་དུས་བོད་ཡིག་སློབ་སྦྱོང་བྱས་པ་ཡིན་ན་ང་ཚོ་བོད་ལ་རང་དབང་གི་ཉི་མ་ཤར་རྒྱུ་ངེས་པ་རེད་ཅེས་དང་། བྱང་ཁེ་ལེ་ཧྥོ་ཎི་ཡའི་སློབ་མ་བསོད་ནམས་གཡང་འཛིན་ལགས་ཀྱིས་བགྲོ་གླེང་འགྲན་བསྡུར་ནང་མཉམ་ཞུགས་གནང་པའི་སྐོར་ངོ་སྤྲོད་གནང་བར། རིག་པ་གལ་ཆེ་བ་ཡིན་ནམ་ཡང་ན་བརྩོན་འགྲུས་གལ་ཆེ་བ་ཡིན་འདིའི་སྐོར་བཤད་པ་ཡིན། ངའི་བསམ་ཚུལ་དངོས་གནས་འདི་རིག་པ་གལ་ཆེ་བ་ཡོད། གང་ཡིན་ཞེ་ན། བརྩོན་འགྲུས་འདི་རིག་པའི་ཆེད་དུ་བྱེད་ཀྱི་ཡོད་དུས་རིག་པ་མེད་ན་བརྩོན་འགྲུས་བྱས་ཀྱང་ཕན་ཐོགས་ཀྱི་མེད་པ་གསུངས་བྱུང།

ནིའུ་ཡོག་ཏུ་སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་དང་བསྟུན་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ཕན་ཚུན་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་འདི་གཉེར་ཡོད་པ།   ༢༠༢༦།༤།༤
བྱང་ཨ་རིའི་བོད་ཕྲུག་གིས་བོད་སྐད་བཤད་ཤེས་སམ། ནིའུ་ཡོག་ཏུ་སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་དང་བསྟུན་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ཕན་ཚུན་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་འདི་གཉེར་ཡོད་པ། ༢༠༢༦།༤།༤ (NYNJ)

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༤ ཉིན་སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་དང་བསྟུན་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ཕན་ཚུན་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་འདི་གཉེར་ཡོད་པ་དང་། འདིའི་ཐོག་བོད་ཀྱི་སྐད་ཡིག་དང་རྒྱལ་རབས། ནང་ཆོས། ༧རྒྱལ་བའི་མཛད་རྣམ། སྤྱི་ཡོངས་ཤེས་བྱ་སོགས་ཀྱི་དྲི་རྩད་འགྲན་བསྡུར་དང་། བགྲོ་གླེང་འགྲན་བསྡུར། གཏམ་བཤད་འགྲན་བསྡུར། མཉམ་གཞས་དང་འཁྲབ་གཞས་འགྲན་བསྡུར་སོགས་གནང་ཡོད་པས། བྱང་ཨ་རིའི་ནང་འཚར་ལོངས་བྱུང་པའི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་གྱི་རྣམ་པ་དམིགས་བསལ་ཞིག་སྟོན་ཡོད།

བོད་མི་རིགས་ཀྱི་སྐད་ཡིག་ནི་བོད་པ་ནང་ཁུལ་འབྲེལ་བ་བྱེད་པའི་དགོས་མཁོའི་ལག་ཆ་ཙམ་མ་ཡིན་པར། སྐད་ཡིག་ནི་མི་རིགས་འདིའི་དྲན་ཤེས་ཡིན་ལ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གཞུང་ཡིན་ཞིང་། དེ་བས་རང་ཉིད་སུ་ཡིན་པའི་ལན་འདི་ཡང་ཆགས་ཡོད། གཅིག་བྱས་ན། བྱང་ཨ་རིའི་ནང་ཁ་འཐོར་དུ་གནས་པའི་བོད་ཕྲུག་འདི་དག་མི་འབོར་གྱི་ཆ་ནས་ཉུང་ཉུང་ཞིག་ཡིན་སྲིད་ཀྱང་། སྐད་ཡིག་ཅིག་གི་ཚེ་སྲོག་དང་། རིག་གཞུང་ཞིག་གི་རྒྱུན་འཛིན་ཐོག་མེད་དུ་མི་རུང་པའི་ཆ་ཤས་ཤིག་ཆགས་ཡོད།།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།