ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱིས་ངོ་རྒོལ་སྤེལ་འདུག

རང་ལུས་མེར་བསྲེགས་གནང་མཁན་བློ་དགའ་རང་བཙན་ལགས་ཀྱི་འབོད་ཚིག་དང་དགོས་འདུན་ཁག་བསྒྲགས་འདུག་ལ། རྒྱལ་ཁབ་མང་པོའི་གཞུང་ལ་ཞུ་སྙན་འབུལ་རྒྱུ་ཡིན་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གློ་བུར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། གཞུང་ཚབ་ཁང་ ༡༦༢ ལ་བོད་དོན་ཞུ་གཏུག་གི་ཡི་གེ་འབུལ་རྒྱུ་ཡིན་འདུག

བོད་མི་བློ་དགའ་རང་བཙན་ལགས་ཀྱིས་བོད་དོན་གྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བའི་རྗེས། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་དོན་ལས་འགུལ་བ་རྣམས་ཀྱིས་ས་གནས་ཀྱི་རྒྱ་ནག་གཞུང་ཚབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཟླ་ ༧ ཚེས་ ༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་མི་ལས་འགུལ་བ་ལྔ་བཅུ་ཙམ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་གློ་བུར་རྔམ་སྟོན་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ལས་འགུལ་བ་ ༥༠ ཙམ་གྱི་ལས་འགུལ་སྤེལ་བའི་ཁོངས་ནས་བེུད་ཅིག་འཇུ་བཟུང་བྱེད་པའི་སྐབས། ༢༠༢༦།༧།༧
ལས་འགུལ་བ་འཇུ་བཟུང་བྱེད་པའི་སྐབས། ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ལས་འགུལ་བ་ ༥༠ ཙམ་གྱི་ལས་འགུལ་སྤེལ་བའི་ཁོངས་ནས་བེུད་ཅིག་འཇུ་བཟུང་བྱེད་པའི་སྐབས། ༢༠༢༦།༧།༧ (བོད་ཀྱི་གཞོན་ནུ་ལྷན་ཚོཊ།)

ངོ་རྒོལ་གྱི་ལས་འགུལ་དེ་ནི་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གཙོར་བོར་གྱུར་བའི་བོད་ནང་དུ་སྤེལ་བཞིན་པའི་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་མི་བློ་དགའ་རང་བཙན་ལགས་ཀྱིས་བོད་དོན་གྱི་ཆེད་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་བསྲེགས་གནང་སྟེ། རང་སྲོག་བློས་གཏོང་གནང་བར་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་སྤེལ་བ་ཡིན་ཞེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་རྒྱ་ནག་གཞུང་ཚབ་ཁང་ལ་བོད་དེ་བཞིན་གནའ་སྔ་མོ་ནས་རང་བཙན་གྱི་རྒྱལ་ཁབ་ཡིན་པས་རང་བཙན་ཕྱིར་སྤྲོད་དགོས་ཤིང་བོད་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་འཁོད་པའི་ཡི་གེ་ཞིག་དང་། འདི་ཚེས་ ༧ ནས་འགོ་འཛུགས་ཀྱིས་ལྡི་ལིར་གནས་འཁོད་རྒྱལ་ཁབ་མི་འདྲ་བ་ཁག་ ༡༦༢ ཀྱི་གཞུང་ཚབ་ཁང་ལ་བོད་དོན་ཞུ་གཏུག་གི་ཡི་གེ་འབུལ་རྒྱུ་ཡིན་སྐོར་གསུངས་བྱུང་།

ལས་འགུལ་བ་འཇུ་བཟུང་གིས་རླངས་འཁོར་ནང་བཅུག་པའི་སྐབས། ༢༠༢༦།༧།༧
ས་གནས་སྐོར་སྲུང་བས་བོད་མི་ལས་འགུལ་བ་འཇུ་བཟུང་བྱེད་པའི་སྐབས། ལས་འགུལ་བ་འཇུ་བཟུང་གིས་རླངས་འཁོར་ནང་བཅུག་པའི་སྐབས། ༢༠༢༦།༧།༧ (བོད་ཀྱི་གཞོན་ནུ་ལྷན་ཚོཊ།)

ཕྱི་ཟླ་ ༧ ཚེས་ ༣ ཉིན་གྱི་དགོང་མོར། ལོན་ཌོན་དུ་བཅའ་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ། བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་བ་དང་འབྲེལ་ཞི་བའི་ལས་འགུལ་སྤེལ་སྐབས། གཞུང་ཚབ་ཁང་གི་ལས་བྱེད་ཁག་ཅིག་གིས་ལག་ཏུ་གློག་རྒྱུག་མཚོན་ཆ་ ( Electric Shock Baton) བསྟན་ཏེ་ཞི་རྒོལ་བ་ཚོར་འཇིགས་སྐུལ་བྱས་ཡོད་པའི་གནས་ཚུལ་བྱུང་པ་ (Global Alliance for Tibet & Persecuted Minorities) ཞེས་གྲངས་ཉུང་མི་རིགས་ཆེད་རྒྱལ་སྤྱིའི་གནའ་འབྲེལ་མཐུན་ཚོགས་ཀྱིས་ངོ་སྤྲོད་གནང་བྱུང་ལ། ཞི་རྒོལ་བ་ཚོར་འཇིགས་སྐུལ་བྱས་པར་སྐྱོན་བརྗོད་བྱས་འདུག་པ་མ་ཟད། ཚོགས་པ་དེས་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་ཀྱིས་དོན་རྐྱེན་དེར་ཞིབ་འཇུག་ཆ་ཚང་གནང་དགོས་པ་དང་། གྲོས་ཚོགས་འཐུས་མི་རྣམ་པས་གནད་དོན་དེ་བཞིན་གཞིར་བཞག་གིས། ལོན་ཌོན་དུ་རྒྱ་ནག་གཞུང་ཚབ་ཁང་གསར་པ་འཛུགས་རྒྱུའི་གྲོས་འཆར་ལ་དཔྱད་ཞིབ་དགོས་པ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས། ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བོད་མི་དང་། ཧོང་ཀོང་། ཡུ་གུར། རྒྱ་ནག་གི་མང་གཙོ་དོན་གཉེར་བ་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཇེ་མང་དུ་འགྲོ་བཞིན་པར་ངོས་འཛིན་དགོས་པ་བཅས་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག

ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྔམ་སྟོན་ལས་འགུལ་སྤེལ་བ། ༢༠༢༦།༧།༧
བོད་མི་ལས་འགུལ་བ་འཇུ་བཟུང་རྗེས་ཀྱི་འདྲ་པར། ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྔམ་སྟོན་ལས་འགུལ་སྤེལ་བ། ༢༠༢༦།༧།༧ (བོད་ཀྱི་གཞོན་ནུ་ལྷན་ཚོཊ།)

གཞན་ཡང་ནེ་དྷར་ལེནཌི་ས་གནས་སུ་གནས་སྡོད་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ། ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཐོག མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེས་བོད་པའི་ངོ་བོ་ཡོངས་སུ་རྩ་མེད་བཟོ་བའི་སྲིད་བྱུས་ཡིན་པས་དེར་ངོ་རྒོལ་གྱི་འཕྲིན་ཡིག་ཅིག་སྤྲད་པ་དང་སྦྲགས། བློ་དགའ་རང་བཙན་ལགས་ཀྱི་བློས་གཏོང་ལ་མྱ་ངན་གུས་འདུད་ཞུས་ཡོད་པ་རེད་ལ། ཁེ་ན་ཌར་གནས་སྡོད་བོད་མི་དང་འཛམ་གླིང་ཁྱོན་ཡོངས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མུས་ཡིན་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།