བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༧སྐུ་ཚེ་ཡུན་རིང་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་པ།
ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༦ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། སིཔེན་ཆུ་སྲིབ་ཚང་ཐེབས་རྩ་ཚོགས་པའི་ཆོས་ཚོགས་ ༣༦ ལྷག་ནས་མི་གྲངས་ ༡༥༠ ལྷག་ཆེད་བཅར་གྱིས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཆོས་ཀྱི་འཁོར་ལོ་ཞེས་པ་ཞིག་འབུལ་བཞེས་མཛད་སོང་།
སིཔེན་ཆུ་སྲིབ་ཚང་ཐེབས་རྩ་ཚོགས་པ་གསར་འཛུགས་གནང་མཁན་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་བཤེས་བསྟན་འཛིན་རྟ་མགྲིན་ལགས་ཀྱིས། ཐེབས་རྩ་དེ་བཞིན་གསར་འཛུགས་གནང་བའི་དགོས་པ་གཙོ་བོ་ནི་དཔལ་འབྱོར་དང་སྙན་གྲགས་གང་གི་ཆེད་དུ་ཡང་མ་ཡིན་པར། སེམས་ཅན་ཐམས་ཆད་སངས་ཀྱི་བསྟན་པར་༧གོང་ས་མཆོག་གི་བླ་ན་མེད་པའི་དགོངས་གཞི་ཁྱབ་སྤེལ་གནང་རྒྱུ་དེ་ཡིན་ཞིང་། ༧གོང་ས་མཆོག་སྐར་མ་གཅིག་དང་ཉིན་མ་གཅིག་འཛམ་གླིང་འདིའི་ནང་བཞུགས་པ་ནི་འཛམ་གླིང་འདིའི་ནང་མཐའ་ཡས་ཀྱི་མཛད་པ་བསྐྱངས་ཤིང་། སྐུ་ཉིད་ནི་བོད་ཕྱི་ནང་གི་སྙིང་གི་ནོར་བུ་ཡིན་དུས་ང་ཚོ་སྐལ་བ་བཟང་པོ་ཡིན་ཞེས་གསུང་གི་འདུག་ལ། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་བོད་གངས་ཅན་ལྗོངས། ལྷག་པར་རི་བོ་དགེ་ལྡན་པ་སོགས། བོད་མིའི་འཕྲལ་ཕུགས་རྒྱང་གསུམ་དང་། ད་ལྟའི་གོ་ལ་འདིའི་ཐོག་༧གོང་ས་མཆོག་ལས་བཀའ་དྲིན་ཆེ་བ་ཞིག་མེད་དུས། ཆོས་ཚོགས་ཀྱིས་གསེར་ཟངས་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོའི་གཟེངས་རྟགས་ཤིག་ཕུལ་ཡོད་པས་དཔེ་མི་སྲིད་ཀྱིས་སྐལ་བ་བཟང་པོ་བྱུང་ཞེས་གསུང་གི་འདུག མ་ཟད་ཁོང་གིས། རྩ་བའི་ཆོས་ཚོགས་ཆ་ཚང་ལ་དབང་ལུང་བསྩལ་བའི་ལམ་ལུགས་ཡོད་ཀྱང་། གཞུང་ཆེན་མོའི་ཐོག་སློབ་གཉེར་དང་དཔེ་འཁྲིད་གནང་གི་མེད་དུས། དགེ་བཤེས་རྟ་མགྲིན་ལགས་ཀྱིས་སྣེ་ཁྲིད་པའི་ཆོས་ཚོགས་དེའི་ནང་། གཞུང་ཆེན་མོའི་དཔེ་འཁྲིད་དང་རྩོད་པ་ཆ་ཚང་བསླབ་ཀྱི་ཡོད་པ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ཡང་བཀའ་བསྩལ་མཛད་པའི་དགོངས་གཞི་དང་མཐུན་པ་ཡིན་དུས། དེ་ནི་ཐེངས་འདིའི་བརྟན་བཞུགས་ཀྱི་འབུལ་བ་གལ་ཆེ་ཤོས་དེ་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་བྱུང་།
མཇལ་ཁའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེབས་རྩའི་ཚོགས་མི་རྣམས་ལ། མ་ཎི་དང་རྗེ་བཙུན་སྒྲོལ་མ། འཇམ་དཔལ་དབྱངས་ཀྱི་བཀའ་ལུང་བསྩལ་འདུག་ཅིང་། ཚོགས་མི་ཕལ་མོ་ཆེར་ཐེངས་འདིར་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ཐེངས་དང་པོ་ཆགས་ཀྱི་འདུག་པས། བསྐལ་པ་བཟང་པོ་དང་བརྗོད་མི་ཤེས་པའི་དགའ་ཚོར་བྱུང་ཞེས་གསུང་གི་འདུག
དེ་ཡང་སིཔེན་ནས་ཡིན་པ་ཨེ་མི་ལིའོ་ལགས་ཀྱིས། “དེ་རིང་ནི་ཉིན་མོ་དམིགས་བསལ་ཅན་ཞིག་ཡིན། རྩ་བའི་༧གོང་ས་མཆོག་གི་མཇལ་ཁ་ཐོབ་རྒྱུ་ནི་ཧ་ཅང་ཁག་པོ་ཡིན་པ་དང་། ང་ལ་མཚོན་ན་ད་ཆ་ལོ་ཆེན་པོ་བསླེབས་ཡོད་པས་མཇལ་ཁ་དེ་ཕལ་ཆེར་ཐོག་མ་དང་མཐའ་མ་དེ་ཡིན་འགྲོ་བསམ་གྱི་འདུག ༧གོང་ས་མཆོག་གི་ཉེ་འགྲམ་དུ་བཅར་ཐུབ་པར་དམིགས་བསལ་གྱི་ཞི་བདེའི་ཚོར་བ་ཞིག་ཡོང་གི་འདུག ཉིན་མ་དེ་དངོས་གནས་དམིགས་བསལ་ཅན་ཞིག་ཡིན།” ཞེས་གསུང་གི་འདུག་ལ། སིཔེན་ནས་ཡིན་པ་ཀྲིས་ཊིན་ལགས་ཀྱིས། ཚོར་བ་ཧ་ཅང་གཏིང་ཟབ་ཅིང་བརྗོད་མི་ཐུབ་པ་ཞིག་བྱུང་བས་ངས་ད་ལྟའང་བསམ་བློ་གཏོང་བཞིན་ཡོད། བྱིན་རླབས་ནི་བསམ་ཡུལ་ལས་འདས་པ་བྱུང་ཞེས་གསུང་གི་འདུག ཡང་སིང་ག་པུར་ནས་ཡིན་པ་ཀི་རཱན་ལགས་ཀྱིས། ཐེངས་འདིར་༧གོང་ས་མཆོག་གི་མཇལ་ཁ་ནི་ཐེངས་དང་པོ་ཡིན་པས། དམིགས་བསལ་ཅན་ཞིག་བྱུང་ལ་བློ་ལ་གཤོངས་དཀའ་བ་ཞིག་ཏུ་གྱུར་སོང་། ང་ལ་མཇལ་ཁའི་སྐབས་ཚོར་བ་གང་བྱུང་བ་དེ་ཡང་འགྲེལ་བརྗོད་བྱེད་པའི་ཚིག་སེམས་ལ་འཁོར་གྱི་མིན་འདུག
གཞན་ཐེངས་འདིའི་མང་མཇལ་ཁྲོད་རོ་ཧིཏ་ཨ་གྷར་ལྦལ་ལགས་དང་ཁོང་གི་གྲོགས་པོ་ཁག་ཅིག་ལ་མཇལ་ཁ་ཐོབ་ཡོད་པ། མཇལ་ཁ་གྲུབ་མཚམས་ཁོང་གིས། “ང་ཚོས་༧གོང་ས་མཆོག་མཇལ་བར་སྔོན་མ་ནས་རེ་བ་བྱེད་བཞིན་ཡོད་པས། ཏེངས་འདིར་དངོས་སུ་མཇལ་དུས་དངོས་གནས་ཡིན་ནམ་སྙམ་པའི་ཚོར་བ་ཞིག་བྱུང་། མཇལ་ཁའི་སྐབས་ང་ཚོར་༧གོང་ས་མཆོག་ལ་ཞུ་རྒྱུ་མང་དག་ཅིག་ཡོད་ཀྱང་། དངོས་སུ་མཇལ་པའི་སྐབས་༧གོང་ས་མཆོག་གི་ངོ་མཚར་བའི་རྣམ་པ་མཇལ་དུས་གང་ཡང་བརྗོད་མི་ཐུབ་པར་གྱུར་སོང་།” ཞེས་གསུང་གི་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
