བསོད་པས་རང་ལུས་མེར་བསྲེཌ།

ཨ་མདོ་མགོ་ལོག་ཁུལ་སྤྲུལ་སྐུ་བསོད་པས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་སྤེལ་བ།

2012.01.08
ཨ་མདོ་མགོ་ལོག་ཁུལ་སྤྲུལ་སྐུ་བསོད་པས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་སྤེལ་བ།
བོད་ནས་འབྱོར་བ།
༄༅༎ཕྱི་ཟླ་༡ཚེས་༨་རེས་གཟའ་ཉི་མའི་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ ལག་རྫོང་ལ་སྤུལ་སྐུ་བསོད་སྦ་ཞུ་བ་ཞིག་གིས་རང་ལུས་མེར་ བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་སྐོར་འདི་ག་རླུང་འཕྲིན་ཁང་ དུ་བོད་ནས་གནས་ཚུལ་འབྱོར། གནས་ཚུལ་ནང་བརྗོད་པར། དེ་རིང་ཕྱི་ཚེས་༨ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་པ་དྲུག་པ་ཙམ་ལ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་དར་ལག་རྫོང་གི་ལྟེ་གནས་སུ་དགུང་གྲངས་༤༢ ཙམ་ལ་ཕེབས་པའི་དགེ་འདུན་པ་ཞིག་གིས་ལུས་ལ་ཆོས་གོས་སེར་པོ་གྱོན་ཞིང་ས་སྣུམ་གྱིས་མེ་སྤར་ཏེ་རང་ ལུས་མེར་བསྲེགས་བཏང་སྟེ་རང་སར་དགོངས་པ་རྫོགས་བཞག  རང་ལུས་མེར་བསྲེགས་བཏང་མཁན་ཁོང་ནས་ཕལ་ཆེར་ས་སྣུམ་མང་པོ་འཐུང་པ་ཡིན་ས་རེད། རང་ལུས་མེར་བསྲེགས་བཏང་བའི་སྐབས་ཐ་ན་འབར་རྫས་འབར་བ་ལྟ་བུའི་སྐད་སྒྲ་ཆུང་ངུ་ ཐོན་པ་དང་། ཁོང་གི་ལུས་པོ་དང་རུང་པ་འབར་ནས་གང་སར་ཐོར་པ་ཡོད་པའི་གནས་ཚུལ་འདུག   དེ་རྗེས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་འབྱོར་ནས་རང་ལུས་མཆོད་མེར་ཕུལ་ མཁན་གྱི་བོད་མི་ཁོང་གི་སྐུ་རུས་འཁྱེར་ཕྱིན་འདུག  བོད་མི་འགའ་རེས་ཁོང་གི་སྐུ་རུས་ཁ་ཤས་གསང་བའི་ངང་ཉར་མཁན་བྱུང་བཞག ཤེས་རྟོགས་བྱུང་བར།   ཁོང་གི་མཚན་ལ་བསོད་སྦ་ཞུ་གི་ཡོད་པ་དང་དར་ལག་རྫོང་གི་དགོན་པ་ཆུང་ངུ་ཞིག་གི་སྤྲུལ་སྐུ་རེད་འདུག  ཕ་ཡུལ་ནི་དགའ་བདེ་རྫོང་ཧྲང་གོང་མ་ཡུལ་ཚོ་འབྲོག་སྐོར་སྨད་ནས་ཡིན་ཞིང་། ཁོང་ནས་དར་ལག་རྫོང་ནང་རྒན་གསོ་ཁང་ཞིག་ཀྱང་བཙུགས་ཡོད་འདུག ཚེས་༨ཉིན་གྱི་དགོང་དྲོ་དར་ལག་ཤང་གི་བོད་མི་ཚོ་འདུ་འཛོམས་ཀྱིས་ས་གནས་སྤྱི་ བདེ་ལས་ཁུངས་ལ་སྐྱོད་དེ་བསོད་པ་སྤྲུལ་སྐུའི་སྐུ་ཕུང་སྤྲོད་དགོས་པའི་ཞུ་ འབོད་བྱས་ན་ཡང་གཞུང་ཕྱོགས་ནས་ཁ་ཡ་མ་བྱས་པར་བརྟེན་བོད་མི་ཁོང་ཁྲོ་ལངས་ཏེ་ དོན་གཅོད་ཁང་གི་སྒེའུ་ཁུང་དང་སྒོ་བཅག་ཡོད་འདུག མང་ཚོགས་སྟོང་གཉིས་ལ་ཉེ་བ་ཙམ་གྱིས་ཨ་ཚུགས་རྒྱབ་པར་བརྟེན་སྐུ་ཕུང་མང་ཚོགས་ལ་སྤྲད་ཡོད་ན་ཡང་ཁོང་གི་བྲང་ཁོག་དང་དབུ་ཕུད་དེ་མིན་མེར་བསྲེགས་ཚབས་ཆེན་བྱུང་ ཡོད་འདུག་ ཁོང་གིས་རང་ལུས་མེར་བསྲེག་མ་བཏང་གོང་དར་ལག་རྫོང་གི་རིའི་སྟེང་སྐྱོད་དེ་སྐུ་བསང་ཕུལ་འདུག རང་ལུས་མེར་བསྲེགས་བཏང་བའི་སྐབས་ཁོང་ནས་བོད་ལ་རང་དགོས་ཅེས་དང་། རྒྱ་བ་རིན་པོ་ཆེ་སྐུ་ཞབས་ཞབས་པད་བརྟན་པ་ཤོག་ཅེས་སྐད་འབོད་བྱས་འདུག ད་དུང་ཁོང་གིས་རླུང་རྟ་དང་ཡི་གེ་གཏོར་བ་མ་ཟད།   ད་དུང་རྫོང་གི་གྱང་ཏོག་ལ་ཡང་མང་པོ་སྦྱར་ཡོད་ཡོད་འདུག  ས་གནས་ཀྱི་བོད་མིས་བརྗོད་པར་གཞིགས་ན།     ཡི་གེའི་ནང་འཁོད་པར། ཁོང་ནི་བོད་ཀྱི་རང་དབང་དང་བདེ་སྐྱིད་ཆེད་དུ་ཡིན་པ་དང་། སྤྱི་ལོ་༢༠༠༩ལོ་ནས་བཟུང་རང་ལུས་མེར་བསྲེགས་བཏང་མཁན་གྱི་བོད་མིར་དྲན་གསོ་ཞུ་ བའི་ཆེད་འདི་ལྟར་བྱས་པ་ཞིག་ལས་སྒེར་གྱི་ཁེ་ཕན་ཆེད་དུ་རང་སྲོག་དོར་བ་རྩ་བ་ ནས་མིན་པ་དང་། རིན་པོ་ཆེ་འཇིག་རྟེན་འདིའི་ཐོག་ཡུན་རིང་བཞུགས་ཐུབ་པའི་ཆེད་དུ་ཡིན་པས་བོད་ མི་ཚོས་མ་འོངས་པའི་མདུན་ལམ་ལ་ཡིད་ཆེས་མ་བརླག་པ་བྱ་དགོས། བདེ་སྐྱིད་ཀྱི་ཉིན་མོ་ཞིག་ཤར་ངེས་རེད་ཅེས་བྲིས་ཡོད་འདུག ཡི་གེ་འགའ་རེའི་སྟེང་བོད་མི་ཚོ་རྒྱ་མི་ལྟོ་བཟའ་མི་ངན། རྒྱ་མིའི་དངོས་ཟོག་ཉོ་མི་ངན།  བོད་མི་རང་ཉིད་ཀྱི་དཔལ་འབྱོར་ལ་རོགས་སྐྱོར་དགོས་ཞེས་དང་།  བོད་མི་ནང་ཁུལ་མཐུན་སྒྲིལ་དགོས་པ་ལས་ཆོས་རྒྱུད་ཀྱི་དབྱེ་བ་དང་ཆོལ་ཁའི་དབྱེ་བ་ཕྱེ་བ་མི་ངན་ཞེས་བྲིས་ཡོད་འདུག ད་དུང་ཤེས་རྟོགས་བྱུང་བར་གཞིགས་ན། སང་ཉིན་མང་ཚོགས་ཚོས་བསོད་སྦ་སྤྲུལ་སྐུའི་སྐུ་ཕུང་དགོན་དུ་གདན་ཞུས་ཀྱིས་བསྔོ་སྨོན་གནང་རྒྱུ་ཡིན་ན་ཡང་ད་ལྟ་མགུ་ལོག་ཁུལ་གྱི་དམག་མི་མོ་ཌ་ལྔ་བཅུ་ཙམ་དར་ལག་རྫོང་ལ་སྐྱོད་འགོ་ཚུགས་ཤིང་དར་ལག་རྫོང་གི་ཁ་པར་སོགས་འབྲེལ་ལམ་ཚང་མ་བཀག་ཡོད་འདུག  གནས་ཚུལ་གཞན་ཞིག་ལ།ཁོང་ད་ཐེངས་དུས་འཁོར་དབང་ཆེན་ལ་ཕེབས་འཆར་ཡོད་ན་ཡང་བཀག་འགོག་འཕྲད་ཡོད་པའི་གནས་ཚུལ་འདུག།།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎