རྒྱ་རིཊ་ཤིག་གིས་བོད་ནང་དུ་༧གོང་ས་མཆོག་གི་སྐུ་པར་བསྟན་པར་འཛིན་བཟུང་བཀག་ཉར་བྱས་པ།

འདི་ནི་ཆོས་ལུགས་རང་དབང་ལ་རྡོག་རོལ་བཏང་པ་ཞིག་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་བརྗོད་བྱུང་།

བོད་ནང་༧གོང་ས་མཆོག་གི་སྐུ་པར་མིག་སྟོན་བྱས་པའི་ཉེས་མིང་འོག་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཀྲང་ཡི་འཛིན་བཟུང་བཀག་ཉར་བྱས་ཤིང་། འདི་ནི་ཆོས་དད་རང་དབང་ལ་རྡོག་རོལ་ཚབས་ཆེན་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་ངེས་སྟོན་པས་བརྗོད་བྱུང་།

རྒྱ་ནག་གཞུང་གིས་རྒྱ་རིགས་མང་གཙོ་དོན་གཉེར་ཅན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཀྲང་ཡི་ (Zhang Yi) འཛིན་བཟུང་བྱས་པ་དེས། རྒྱ་ནག་གཞུང་གིས་བོད་ནང་རྒྱ་ནག་གཞུང་གི་ཁྲིམས་དང་སྲིད་བྱུས་ལ་དོགས་པ་བྱེད་མཁན་སུ་ཞིག་ཡིན་རུང་དེར་འཛེམས་གཟོན་མེད་པར་འཛིན་བཟུང་མུ་མཐུད་བྱེད་བཞིན་པ་མཚོན་ཐུབ་ཅེས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་མངའ་ཁུལ་གྱི་འགན་འཛིན་ཨེ་ལིཡན་པིཡར་སན་ (Elaine Pearson) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཀྲང་ཡི།
༧གོང་ས་མཆོག་གི་སྐུ་པར་བསྟན་པར་བརྟེན་ནས་འཛིན་བཟུང་བྱས་པའི་ཀྲང་ཡི། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཀྲང་ཡི། (Weiquanwang via X)

ཟླ་ ༧ ཚེས་ ༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་ཝུ་ཧན་ནས་ཡིན་པའི་མང་གཙོ་དོན་གཉེར་ཅན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཀྲང་ཡི་ (Zhang Yi) ལགས་ཀྱིས་གདན་ས་སེ་རར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བསྟན་པར། ཁོང་ལ་སྤྱི་ཚོགས་དཀྲུག་གཞིའི་ངན་བྱུས་སྤེལ་བའི་ནག་ཉེས་འོག་འཛིན་བཟུང་བཀག་ཉར་དང་། ཕྱི་ཟླ་ ༧ ཚེས་ ༡༨ ཉིན་སླར་ཡང་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་བྱུས་བཤམས་པའི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་དེ་ད་ལྟ་ལྷ་སའི་བཀག་ཉར་ཁང་དུ་བཀག་ཉར་བྱས་ཡོད་པ་ནང་མིར་འཕྲིན་ཡིག་འབྱོར་ཡོད་པའི་གནས་ཚུལ་ཞིག་རྒྱལ་སྤྱིའི་གསར་ལམ་ཁག་མང་པོས་གནས་ཚུལ་སྟོན་འདུག་ཀྱང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནད་དོན་དེ་འབྲེལ་ས་གནས་ནས་ར་སྤྲོད་འཕེར་བའི་རྩད་རྩོད་ཡོང་གི་མི་འདུག

༧གོང་ས་མཆོག་གི་སྐུ་པར་མིག་སྟོན་བྱས་པར་འཛིན་བཟུང་བཀག་ཉར་བྱས་པ་ནང་མིར་སྤྲད་པའི་ཚགས་ཡིག
ཀྲང་ཡི་བཀག་ཉར་བྱས་པའི་བརྡ་ཡིག ༧གོང་ས་མཆོག་གི་སྐུ་པར་མིག་སྟོན་བྱས་པར་འཛིན་བཟུང་བཀག་ཉར་བྱས་པ་ནང་མིར་སྤྲད་པའི་ཚགས་ཡིག (Weiquanwang via X)

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ (Human Rights Watch) ཡི་ཨེ་ཤེ་ཡ་མངའ་ཁུལ་གྱི་འགན་འཛིན་ཨེ་ལིཡན་པིཡར་སན་ (Elaine Pearson) ལགས་ཀྱིས། “རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱེད་མཁན་རྣམས་འཛིན་བཟུང་བྱས་པའི་ལོ་རྒྱུས་རིང་པོ་ཡོད་པས། རྩ་བའི་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱེད་པ་ནི་ནག་ཉེས་ཤིག་མིན་པས། ཉར་ཚགས་བྱེད་མཁན་རྣམས་འཛིན་བཟུང་བྱས་པ་ནི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ལ་རྡོག་རོལ་ཚབས་ཆེ་བཏང་བ་ཞིག་རེད། རྒྱ་ནག་གཞུང་གིས་བོད་ནང་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་བོད་ཀྱི་ཆོས་དང་རིག་གཞུང་བཙན་བསྒྱུར་བྱེད་པ་སོགས། བོད་ནང་དྲག་གནོན་མུ་མཐུད་གནས་བཞིན་ཡོད་ལ། ཉེ་ལམ་རྒྱ་རིགས་ཀྲང་ཡི་འཛིན་བཟུང་བྱས་པ་དེས་རྒྱ་ནག་གཞུང་གིས་བོད་ནང་རྒྱ་ནག་གཞུང་གི་ཁྲིམས་དང་སྲིད་བྱུས་ལ་དོགས་པ་བྱེད་མཁན་སུ་ཞིག་ཡིན་རུང་དེར་འཛེམ་གཟོན་མེད་པར་འཛིན་བཟུང་བྱེད་བཞིན་པ་མཚོན་ཐུབ་” ཅེས་གསུང་གི་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དབྱེ་ཞིབ་པས་ཀྲང་ཡི་འཛིན་བཟུང་བྱས་པ་དེ་ནི་ཉེ་ལམ་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལག་བསྟར་དང་འབྲེལ་བ་ཡོད་པ་ངོས་འཛིན་གནང་གི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་འགྲོ་བ་མིའི་ཐབ་ཐང་ཚན་པའི་ཉམས་ཞིབ་པ་བསྟན་འཛིན་ཀུན་མཁྱེན་ལགས་ཀྱིས། ཀྲང་ཡི་ནི་རྒྱ་མི་དཀྱུས་མ་ཞིག་མིན་པར། ད་བར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐག་ཕྱག་ལས་གནང་མཁན་ཞིག་ཡིན་དུས། རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལག་བསྟར་འགོ་འཛུགས་བྱས་པ་དང་བསྟུན། དེ་ལག་ཆར་བེད་སྤྱད་ཀྱིས་ཀྲང་ཡི་ལ་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་པ་ཞིག་ཡིན་ཞིང་། ཁྲིམས་འདིས། བོད་མི་ཙམ་མ་ཟད་སྤྱིར་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པར། རྒྱ་ནག་གི་ཉེས་པ་ལས་ཐར་ཐབས་མེད་པའི་བརྡ་ལན་ཞིག་བཏང་གི་ཡོད་ཅིང་། སྤྱི་ཡོངས་ཀྱི་བོད་ནང་ད་ལྟའང་གཞི་རྩའི་རང་དབང་མེད་པའི་ཛ་དྲག་གི་གནས་སྟངས་མཚོན་ཐུབ་ཅེས་གསུང་གི་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ཀྱིས། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དོན་ཚན་ ༦༡ ནང་ཁ་བྲལ་རིང་ལུགས་པའི་ལས་འགུལ་སྤེལ་མཁན་ཞེས་བརྗོད་ནས། གལ་ཏེ་དེ་ལྟར་རྒྱ་ནག་གཞུང་གིས་མཐོང་ཚེ་རྒྱ་ནག་གཞུང་གིས་ཁྲིམས་ཡིག་དེའི་བརྒྱུད་ཉེས་ཆད་གཏོང་ཐུབ་ཀྱི་ཡོད་ཚུལ་བཀོད་ཡོད་པ་དེའི་འོག་ཀྲང་ཡི་འཛིན་བཟུང་བྱས་པ་ཞིག་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་མི་ཙམ་མ་ཟད་རྒྱལ་ཁབ་སུ་འདྲ་ཞིག་གི་མི་སེར་ཡིན་རུང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གནད་དོན་གཙོ་བོར་བྱེད་པའི་བོད་ཀྱི་ཆོས་དང་རིག་གཞུང་སྐོར་རྒྱབ་སྐྱོར་ཕྱག་རོཊ་གནང་མཁན་དང་བཀའ་མོལ་གནང་ཚེ། ཁྲིམས་དེའི་བརྒྱུད་ཉེས་ཆད་གཅོད་བཞིན་ཡོད་པས། དེས་བོད་དོན་འཐབ་རྩོད་ལ་འགོག་རྐྱེན་ཞིག་ཏུ་གྱུར་བཞིན་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཀྲང་ཡི་ནི་ (Zhang Yi) ནི་དེ་སྔ་དྲུག་བཞི་དོན་རྐྱེན་བྱུང་བའི་སྐབས་མང་གཙོ་དོན་གཉེར་ཅན་གྱི་སློབ་ཕྲུག་ཚོའི་འགོ་ཁྲིད་ཅིག་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། ཁོང་གིས་རྒྱ་ནག་གཞུང་དང་ལྟ་ཕྱོགས་མི་མཐུན་པའི་ལངས་ཕྱོགས་འཛིན་ནས་ལོ་ངོ་ ༢༠ ལྷག་སྟེ་དྲུག་བཞི་དོན་རྐྱེན་རྗེས་དྲན་དང་སྤྱི་དམངས་ཐོབ་ཐང་གི་རྩོད་ལེན་ཐོག་འབད་བརྩོན་བྱས་སྟབས། རྒྱ་ནག་གཞུང་གི་ལྟ་སྲུང་བྱ་ར་ནན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།