སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞབས་པུས་འཕྲོད་བཞེས་ལེཊ་གྲུབ་ཀྱི་རྗེས་མང་ཚོཊ་མདུན་ཞབས་གོམ་ཐོག་མ་བསྐྱོན་གནང་མཛད་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མར་ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་འཕྲོད་བཞེས་གཤགས་བཅོས་ལེགས་གྲུབ་བྱུང་སྟེ་ད་ཆ་དྭངས་སྐྱེད་གང་ལེགས་འགྲོ་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༧ ཚེས་ ༢༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ས་གནས་སུ་མི་མང་ལ་མཇལ་ཁ་བསྩལ་བར་ཕོ་བྲང་ནས་མི་མང་མདུན་སར་ཆིབས་སྒྱུར་བསྐྱངས་གནང་སྐབས་ཞབས་གོམ་ཐོག་མ་དེ་བསྐྱོན་གནང་ཡོད་པ་རེད།
༧སྐུ་བཅར་ཕྱི་ལུགས་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཟུར་དུ་དམིགས་བསལ་བཅར་འདྲི་དྭང་ལེན་གནང་སྟེ་གསུངས་དོན་དུ། སྤྱིར་བཏང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་གནང་པ་ནས་བཟུང་ཞབས་གོམ་བསྐྱོན་ཕྲན་བུ་བསྐྱོན་དང་སྐྱོན་བཞིན་ཡོད་པ་ལྟར་ཉིན་རེ་བཞིན་ཞབས་གོམ་ཇེ་མང་བསྐྱོན་ཏེ་ཇེ་ལེགས་སུ་དྭངས་སྐྱེད་ཕེབས་ཡོད་ཅིང་། ད་རེས་དད་ལྡན་པ་ཡོངས་ཀྱིས་མཇལ་ཕྱིར་ཞབས་གོམ་བསྐྱོན་གནང་ཡོད་པ་དང་གཞན་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྤྱི་ཡོངས་ཀྱི་སྐུ་ཁམས་བདེ་ཐང་ཡིན་པས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཐུགས་ཕྲལ་གནང་དགོས་མི་འདུག་ཅེས་གསུངས་བྱུང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧ཞབས་གོམ་བསྐྱོན་པའི་བརྙན་ཐུང་མཇལ་བར་ལ་དྭགས་ལིང་ཤེད་ཡུལ་ནས་ཡིན་པ་བསོད་ནམས་དབང་འདུས་ལགས་ཀྱིས་དགའ་དད་སྤྲོ་སྣང་འཕེལ་བའི་ཚོར་བ་བརྗོད་བྱུང་། དེ་ཡང་ཁོང་གིས་གསུངས་དོན་དུ།
༧རྒྱལ་བ་རིན་པོ་ཆེ་མཆོག་ཞབས་གོམ་བསྐྱོན་ཏེ་ཕེབས་པ་དེ་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ལ་བསོད་བདེ་དང་བསོད་ནམས་བསག་པ་ཞིག་རེད་བསམ་གྱི་འདུག འཛམ་གླིང་ནང་གི་ནང་པའི་མི་མང་ཅིག་པུ་མིན་པར་༧རྒྱལ་བ་རིན་པོ་ཆེ་ལ་དད་གུས་མ་བྱེད་མཁན་མི་གཅིག་དང་ཁྱི་ཅིག་ཡོད་མ་རེད་ལ། ཡང་ད་རེས་གཏམ་བཟང་འདི་གོ་དུས་ངའི་སེམས་ལ་དགའ་དད་དང་སྐྱིད་པོ་ཞིག་ཚོར་ནས་མིག་ནས་དགའ་བའི་མིག་ཆུ་ཤོར་བྱུང་། ༧རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་ཞབས་པད་སྲིད་མཐའི་བར་དུ་བརྟན་པའི་སྨོན་ལམ་ཡོད་ཅེས་གསུངས་བྱུང་།
ཡང་རྒན་ངག་དབང་ཕུན་ཚོགས་ལགས་ཀྱིས། གཏམ་བཟང་འདི་ཐོས་པར་ལ་དྭགས་ཀྱི་ཡུལ་ལྗོངས་གང་པོར་བྱིན་གྱིས་རླབས་པར་ལ་དྭགས་པ་ཡོངས་བསོད་བདེ་ཆེན་པོ་དང་སེམས་་སྐྱིད་པོ་བྱུང་པ་ཞིག་ཡིན་པ་གསུངས་བྱུང་།
ཡང་ལ་དྭགས་གནས་སྡོད་བསྟན་འཛིན་བདེ་ལེགས་ལགས་ཀྱིས། ༧མགོན་པོ་མཆོག་གི་ཐུགས་སྨོན་བཞིན་འགྲོ་བ་ཡོངས་ཀྱི་དོན་དུ་༧མགོན་པོ་མཆོག་དགུང་ལོ་ ༡༣༠ ལྷག་བཞུགས་ཡག་དང་ད་རེས་གཏམ་བཟང་འདིས་ཁོང་ལ་དགའ་སྤྲོ་དཔག་མེད་བྱུང་ཡོད་པ་བརྗོད་བྱུང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་མི་མང་ལ་མཇལ་ཁ་བསྩལ་རྒྱུའི་མཛད་རིམ་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་ཡོད་ནི་རེས་གཟའ་ཉི་མ་ཕུད་པའི་ཉིན་ལྟར་བསྩལ་བཞིན་ཡོད་པ་རེད།།
བརྙན་ཐུང་སྒྲིག་སྦྱོར་བ། བཀྲ་དབང་།
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན།
