སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ། དམག་འཁྲུག་ཁྲོད་ཚུད་པའི་ཕྲུ་གུ་ལྟ་སྐྱོང་ཚོགས་པའི་འགན་འཛིན་རི་ཆརཌི་མོར་ལགས་དང་། ལཎ་ཌན་ནང་པ་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་ཌེས་མོནཌ་བི་ཌལཧྥ་ལ་མཇལ་ཁ་བསྩལ་འདུག
ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས ༥ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ། (Chidren in Crossfire) ཞེས་དམག་འཁྲུག་ཁྲོད་ཚུད་པའི་ཕྲུ་གུ་ལྟ་སྐྱོང་ཚོགས་པའི་འགན་འཛིན་རི་ཆརཌི་མོར་ ( Richard Moore) ལགས་དང་། ལཎ་ཌཎ་ནང་པ་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་ཌེས་མོནཌ་བི་ཌལཧྥ་ (Desmond Biddulph) ལགས་ལ་མཇལ་ཁ་བསྩལ་འདུག
རི་ཆརཌི་མོར ( Richard Moore) ལགས་ཀྱིས “ཚང་མས་མཁྱེན་གསལ་ལྟར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་སྐྱེས་བུ་དམིགས་བསལ་ཅན་ཞིག་རེད། ཁོང་ནི་འཛམ་གླིང་འདིའི་ཐོག་བྱམས་སྙིང་རྗེ་དང་བཟོད་སྒོམ་སོགས་ཀྱི་དགོངས་པ་གཏིང་ཟབ་བཞེས་མཁན་གཅིག་པུ་དེ་ཡིན་པས། ངས་ལོ་ ༣༠ གོང་དམག་འཁྲུག་ཁྲོད་ཚུད་པའི་ཕྲུ་གུ་ལྟ་སྐྱོང་ (Chidren in Crossfire) ཞེས་པའི་ཚོགས་པ་བཙུགས་པ་དེར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱབ་སྐྱོར་རླབས་ཆེན་མཛད་ཡོད་པར་བརྟེན། ཐེངས་འདིར་ཁོང་ལ་བཀའ་དྲིན་ཆེ་ཞུ་ཆེད་གཙོ་བོར་དམིགས་ཏེ་འདིར་བཅར་བ་ཡིན། མཇལ་ཁའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱིས་པར་རོགས་སྐྱོར་གྱི་ཚོགས་པའི་ལས་གཞི་དེ་དག་མུ་མཐུད་སྤེལ་དགོོས་གལ་ཆེ་ཞེས་བཀའ་བསྩལ་བྱུང་” ཞེས་གསུང་གི་འདུག
གཞན་ཁོང་གིས་བོད་མི་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ལྟ་བུའི་དབུ་ཁྲིད་ཅིག་ཡོད་པར། འཛམ་གླིང་འདིའི་མི་རིགས་མང་པོའི་ཁྲོད་བསོད་ནམས་ཆེ་བའི་གྲས་ཤིག་རེད་ཅེས་གསུང་གི་འདུག

རི་ཆརཌི་མོར་ (Richard Moore) ལགས་ནི་ཆུང་དུས་དབྱིན་ཇིའི་དམག་མིའི་འགྱིག་གི་མདེའུ་མིག་ལ་ཕོགས་ཏེ་ལོང་བར་གྱུར་ཞིང་། སྐབས་དེར་ཁོང་ལ་མེ་མདའ་རྒྱག་མཁན་དེ་དག་འཕྲད་སྐབས་ཕྱིས་སུ་དགོངས་ཡངས་གནང་སྟེ་ཁོང་གཉིས་གྲོགས་པོར་གྱུར་བའི་སྐོར་གྱི་ལོ་རྒྱུས་ཞིག་ཡོད་པར་བརྟེན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༧ ལོར་ཚོགས་པ་བཙུགས་ཏེ་ལོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་ཉིན་མོར་༧གོང་ས་མཆོག་གིས་རི་ཆརཌི་མོར་ ( Richard Moore) ལགས་ལ། “ཁྱེད་ཀྱིས་ཡིད་ཆེས་ཡོད་མིན་ལ་མ་ལྟོས་པར། ཁྱེད་ནི་ངའི་དཔའ་བོ་དང་འགྲོ་བ་མིའི་རིགས་ཀྱི་བུ་བཟང་ཞིག་ཡིན་” ཞེས་བཀའ་བསྩལ་ཏེ་ཐུགས་དགྱེས་མཉེས་ཆེན་པོ་མཛད་ཡོད་པ་རེད།
ཕྱི་ལོ་ ༢༠༠༡ ཟླ་ ༡༠ པའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བྱང་ཨཡེར་ལེནྜ་ (north Ireland) མངའ་ཁུལ་གྱི་རྒྱལ་ས་ཌེ་རི་ (Derry) ནང་ཆིབས་བསྒྱུར་བསྐྱངས་ཏེ། རི་ཆརཌི་མོར་ ( Richard Moore) ལགས་དང་མཇལ་འཕྲད་ཐོག་མ་དེ་བྱུང་འདུག་ཅིང་། དེ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམག་འཁྲུག་ནང་ཚུད་པའི་ཕྲུ་གུ་ལྟ་སྐྱོང་ཚོགས་པའི་ལོ་བཅུ་དང་ཉི་ཤུ་བཅས་སོ་སོའི་མཛད་སྒོར་དབུ་བཞུགས་གནང་ཕྱིར་བྱང་ཨཡེར་ལེནཌ་ (Ireland) གྱི་ (Londonderry) ས་གནས་སུ་ཆིབས་བསྒྱུར་མཛད་པ་ཡང་བྱུང་འདུག དེ་བཞིན་ཕྱི་ལོ་ ༢༠༡༠ ལོར་རི་ཆརཌི་མོར་ ( Richard Moore) རྡ་སར་༧གོང་ས་མཆོག་གི་མཇལ་ཁར་བཅར་ཏེ། ༧མགོན་པོ་མཆོག་ལ་དམག་འཁྲུག་ནང་ཚུད་པའི་ཕྲུ་གུ་ལྟ་སྐྱོང་ཚོགས་པའི་ངོ་ཚབ་དང་རྒྱབ་སྐྱོར་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར་༧གོང་ས་མཆོག་གིས་བཀའ་བཞེས་དྭང་ལེན་མཛད་ཡོད་པ་རེད།
ཌེས་མོནཌ་བི་ཌལཧྥ་ (Desmond Biddulph) ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ལ། “ཐེངས་འདིར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་ནི་ཉམས་མྱོང་དམིགས་བསལ་ཅན་ཞིག་བྱུང་ཞིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་འདིའི་ཐོག་གི་ནང་པ་ཚང་མའི་ཆེད་དུ་དམིགས་དཔེ་མཛད་མཁན་ཞིག་དང་། མི་མང་པོ་ཞིག་གིས་ཁོང་ནི་ཡི་ཤུའི་བླ་ཆེན་ལྟར་ནང་པའི་པཱོཔ་ (pope) ཡིན་པར་མཇལ་མཁན་ཡང་ཡོད་པས། གང་ལྟར་༧གོང་ས་མཆོག་གིས་ལམ་སྟོན་མཛད་པའི་བསླབ་བྱ་བསྩལ་སྐབས་མི་མང་པོས་དོ་སྣང་བྱས་ཤིང་བཀའ་དགོངས་རྣམས་གལ་ཆེན་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་པས། ང་ཚོས་༧གོང་ས་མཆོག་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ་ཡི་ཡོད་” ཅེས་གསུང་གི་འདུག

མཇལ་ཁའི་སྐབས་ཁོང་རྣམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་རྟགས་སྣ་མང་ཕུལ་ཡོད་པའི་ནང་གཅིག་ནི། བོད་པའི་ལོ་རྒྱུས་ཁྲོད་བོད་མི་ཨིན་ཡུལ་དུ་བསྐྱོད་པ་དང་། ༧གོང་ས་མཆོག་ཨིན་ཡུལ་དུ་ད་བར་ཆིབས་བསྒྱུར་མཛད་པའི་པར་རིས་ཕྱོགས་བསྒྲིགས་ཞུས་པ་ཞིག་ཀྱང་འབུལ་ལམ་ཞུས་ཡོད་ཅེས་གསུང་གི་འདུག
ཌེས་མོནཌ་བི་ཌལཧྥ་ (Dr Desmond Biddulph) ལགས་ཀྱིས། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལཎ་ཌཎ་དུ་རྟེན་གཞི་བྱས་པའི་ House of Lords ཞེས་ཨིན་ཡུལ་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་དུ་ནང་པའི་སྤྱི་ཚོགས་ཀྱིས་གོ་སྒྲིག་འོག་ཆོས་ལུགས་མཐུན་སྒྲིལ་དང་། བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་སྐབས་མཇལ་མྱོང་འདུག་ལ། དེ་རྗེས་ཁོང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༧ པའི་ནང་ཉིན་གྲངས་བཞིའི་རིང་། ཨིན་ཡུལ་དུ་བོད་མིའི་སྐུ་ཚབ་རྣམ་པས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་ (དགེ་འདུན་ཆོས་ཀྱི་ཉི་མ་) མཆོག་གློད་བཀྲོལ་དགོས་ཞེས་ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་གཏུག་གི་ལས་འགུལ་སྤེལ་བ་དང་། ཡང་ཕྱི་ལོ་ ༢༠༢༣ ཟླ་ ༡༢ པའི་འགོ་སྟོད་དུ་ཨིན་ཡུལ་གྲོས་ཚོགས་སུ་བོད་དུ་ནང་པ་ཚོར་སྡུག་སྦྱོང་གཏོང་བཞིན་པའི་ཛ་དྲག་གནས་སྟངས་སྐོར་བགྲོ་གླེང་ཞིབ་ལྷུག་གནང་སྐབས་སུ་ཆེད་བཅར་གྱིས་བོད་དོན་རྒྱབ་སྐྱོར་གནང་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
