བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༠་པ།

2019-03-11
གློག་འཕྲིན།
མཆན།
Share
པར་བཀོད།
བཞུགས་སྒར་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༠་པ། ༢༠༡༩།༣།༡༠
བཞུགས་སྒར་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༠་པ། ༢༠༡༩།༣།༡༠
RFA

བཞུགས་སྒར་རྡ་རམ་སཱ་ལ་གཙོས་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ཡུལ་གྲུ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༠་པ་རྣམ་པ་འདྲ་མིན་ཐོག་གཞི་རྒྱ་ཆེན་པོས་སྲུང་བརྩི་གནང་འདུག
དེ་ཡང་ཕྱི་ལོ་༢༠༡༩ ཟླ་༣ ཚེས་ ༡༠་ཉིན་ནི། བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ངང་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་བར་ངོ་རྒོལ་དང་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་ཉིན་མོ་ཡིན་པར་བརྟེན་རྒྱ་གར་གཙོ་བོ་བྱས་བའི་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ཡུལ་གྲུ་གང་སར་རྣམ་པ་འདྲ་མིན་ཐོག་དུས་དྲན་སྲུང་བརྩི་ཞུས་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་དེ་བཞུགས་སྒར་རྡ་རམ་སཱ་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་དུ། སྦོ་ས་ཝ་ན་(Botswana)རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་འབུམ་རམ་པ་ཨེན་ཁཱ་མ་མཆོག་དབུ་བཞུགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དགུ་ནས་གྲོས་ཚོགས་འཐུས་མི་༡༣ དང་། གཞན་ཡང་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་སོགས་མཉམ་བཞུགས་ཐོག་སྲུང་བརྩི་ཞུས་གནང་ཡོད་ལ། སྐུ་མགྲོན་དེ་དག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་འཕྲད་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་ཐད་ཁོང་རྣམ་པའི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་གསུངས་པ་དང་སྦྲགས། བོད་དོན་ལ་རྒྱབ་སྐྱོར་བྱེད་པ་འདི་ནི་རང་རྒྱལ་གཞན་ཕམ་གྱི་གནས་ཚུལ་ཞིག་མ་ཡིན་པར། འཛམ་གླིང་བདེ་ཐབས་སླད་ཕན་བདེ་བསྐྲུན་པའི་ནུས་པ་ཡོད་པའི་རིག་གཞུང་ཞིག་དང་དེ་འཛིན་མཁན་གྱི་མི་རིགས་ཤིག་གི་བདེན་པར་རྒྱབ་སྐྱོར་བྱེད་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གནང་པའི་གསུམ་བཅུའི་དུས་དྲན་གྱི་བཀའ་ཤག་གི་གསུང་བཤད་ནང་། བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་ཁག་ལ་རྒྱ་ནག་གཞུང་གིས་ད་རེས་གསུམ་བཅུའི་དུས་དྲན་སྐབས་མཉམ་བཞུགས་བྱེད་ན་རྒྱལ་ཁབ་ཀྱི་མཐུན་འབྲེལ་ལ་དོ་ཕོག་འགྲོ་སྲིད་པའི་ཉེན་བརྡ་གཏོང་མིན་ལ་མ་བལྟོས་བར་འདིར་ཕེབས་པ་འདིས་བོད་ནང་དུ་ཡོད་པའི་བོད་མི་ཚོར་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ཡིན་ཅིང། རྒྱ་ནག་གཞུང་གིས་དུས་ཚོད་རིམ་སོང་བོད་ཀྱི་གནད་དོན་ཡང་རིམ་པས་རང་ཡལ་འགྲོ་རེ་བྱེད་ཀྱི་ཡོད་ཀྱང་བཙན་བྱོལ་བོད་མི་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་འོག་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་ཡོད་པ་མ་ཟད། གཞོན་སྐྱེས་ཚོར་གནའ་དེང་ཤེས་ཡོན་སྤྲད་ཐུབ་ཡོད་པ་དེ་ལ་བརྟེན་ནས་གཞིས་བཞུགས་བོད་མི་ཚོས་རེ་བ་མ་བརླག་པར་བློ་གཏད་ས་ཞིག་ཆགས་ཡོད་པ་དང་། གཞིས་བཞུགས་བོད་མིར་དཀའ་ངལ་གང་འདྲ་འཕྲད་ཀྱང་སྙིང་སྟོབས་ཞུམ་པ་མེད་པར་རང་སྲོག་བློས་བཏང་ནས་གདོང་ལེན་གནང་བཞིན་ཡོད་པར་བརྟེན་རྒྱ་ནག་གཞུང་ལ་བོད་མི་རིགས་ནམ་གནས་ཀྱི་བར་བོད་ཀྱི་བདེན་དོན་འཐབ་རྩོད་དེ་མུ་མཐུད་གནས་རྒྱུ་ཡིན་པ་བརྡ་ལན་གསལ་པོ་སྤྲོད་རྒྱུ་ཡིན་ཞེས་གཏམ་བཤད་སྤེལ་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་པད་མ་འབྱུང་གནས་མཆོག་གིས་༡༩༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་རྗེས་རྒྱ་དམག་གིས་བོད་ས་བཅིངས་གྲོལ་གཏོང་རྒྱུའི་མིང་འདོགས་འོག་བོད་ནང་བཙན་འཛུལ་གྱིས་བོད་ས་ཡོངས་རྫོགས་ཧམ་ཟས་བྱས་པ་ནས་བཟུང་བོད་ཐོག་སྲིད་བྱུས་ངན་པ་ལག་བསྟར་མུ་མཐུད་དུ་བྱེད་བཞིན་ཡོད་ཀྱང་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་པ་འདི་བཞིན་རྒྱལ་ཁ་ཞིག་ཡིན་ཅེས་གསུངས་གནང་སོང་།
སྐུ་མགྲོན་གཙོ་བོ་སྦོ་ས་སྦ་ན་(Botswana)རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཨེན་ཁཱ་མ་ལགས་ཀྱིས། ང་ཚོ་འདིར་ཕེབས་པ་ཚོ་ནི་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཕེབས་མ་ཐུབ་པ་ཚང་མའི་ངོ་ཚབ་མཚོན་གྱི་ཡོད་ཅིང་། བོད་ཀྱི་འཐབ་རྩོད་འདི་ནི་འཚེ་མེད་ཞི་བའི་ཐོག་ནས་རང་གི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སྲུང་སྐྱོབ་ཆེད་དུ་རེད། གལ་ཏེ་རྒྱ་ནག་དེ་དངོས་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཞིག་ཆགས་འདོད་ཡོད་ན་རང་གི་མི་རིགས་ལ་བརྩེ་སེམས་དང་རང་དབང་སྤྲོད་དགོས། དེ་རིང་བོད་མི་ཚོས་སོ་སོའི་རྒྱལ་ཁབ་ལ་བརྩེ་ཞེན་གྱི་མཚོན་རྟགས་རྒྱལ་དར་དང་། ལྷག་དུ་བོད་མི་ཁག་གཅིག་གི་རང་གི་ངོ་གདོང་ལ་བོད་ཀྱི་རྒྱལ་དར་བྲིས་འདུག་པས་ངས་ཁོང་རྣམ་དང་མཉམ་དུ་རྗེས་སུ་པར་རྒྱབ་ནས་ང་རང་ཕྱིར་སྦོ་ས་སྦ་ན་(Botswana)་འབྱོར་དུས་པར་དེ་རྒྱ་ནག་གི་གཞུང་ཚབ་ཁང་ལ་བསྐུར་རྒྱུ་ཡིན་ཞེས་གཏམ་བཤད་གནང་ཡོད།
སྐབས་དེར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གིས། ང་ལའང་རྒྱ་ནག་གཞུང་གིས་ད་རེས་མཛད་སྒོའི་ཐོག་བཅར་ན་མི་འགྲིག་པའི་ཉེན་བརྡ་འབྱོར་བྱུང་ཡང་ང་ག་པར་འགྲོ་དགོས་མིན་དེ་ང་རང་གི་རང་དབང་རེད་མ་གཏོགས་རྒྱ་ནག་གཞུང་ལ་ཐེ་བྱུས་ཀྱི་ཐོབ་ཐང་མེད་། རྒྱ་ནག་གཞུང་ལ་སྟོབས་ཤུགས་ཡོད་ཀྱང་བོད་མིའི་ཐོག་མུ་མཐུད་དུ་མནར་གཅོད་བཏང་ན་སྒྲིག་གི་མ་རེད་བདེན་པའི་མཐའ་དེ་གསལ་གྱི་རེད་ཅེས་གསུངས་གནང་སོང།
དེ་ནས་རིམ་བཞིན་གྲོས་ཚོགས་འཐུས་མི་རྣམ་པ་དང་། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་རྣམ་པས་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་ལ་རྒྱབ་སྐོར་ཡོད་པའི་གཏམ་བཤད་ཡང་གནང་ཡོད་པ་རེད།
གཞུང་འབྲེལ་མཛད་སྒོའི་རྗེས་བོད་མི་སེར་སྐྱ་མི་མང་ཚོས་རྡ་རམ་ས་ལའི་གྲོང་ཁུལ་དུ་ལག་ཏུ་ཁྲེད་དར་དང་བོད་ཀྱི་རྒྱལ་དར་ལ་སོགས་པ་འཕྱར་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཁྲི་ལོར་བརྟན་པ་དང་། རྒྱ་ནག་གིས་བོད་མིར་སྡུག་རྩུབ་ཀྱི་སྲིད་བྱུས་བཟུང་བཞིན་པ་མཚམས་འཇོག་དགོས་པ། ཀུན་གཟིགས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གློད་གྲོལ་དགོས་པ་སོགས་ཀྱི་འབོད་ཚིགས་སྒྲགས་ཡོད་ལ།
དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་རྒྱལ་ས་སྦརཱ་སེལསྀ དང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། ཨའོསྀ་ཊརེ་ལི་ཡའི་རྒྱལ་ས་ཀེན་སྦེ་ར་དང་། ཉེ་ཧོང་གི་རྒྱལ་ས་ཊོཀྱོ། ཐེ་ཝན་གྱི་རྒྱལ་ས་ཏཡེ་པེ། གཞན་ཡང་ནིའུ་ཡོཀ་ལ་སོགས་པ་ཨ་རིའི་གྲོང་ཁྱེར་ཆེ་ཁག་དང་། པེ་རིསྀ་ལ་སོགས་པ་ཡོ་རོབ་ཀྱི་གྲོང་ཁྱེར་ཆེ་ཁག། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན། རྒྱ་གར་གྱི་གྲོང་ཁྱེར་ལྡི་ལི་ལ་སོགས་པའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་སྐད་འབོད་ཀྱི་ལམ་ནས་ལོ་ངོ་དྲུག་བཅུའི་དུས་དྲན་དེ་སྲུང་བརྩི་ཞུས་ཡོད་པ་རེད།
ཐེ་ཝན་གྱི་ལས་འགུལ་སྐབས་ཐེ་ཝན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིས་རྒྱ་ནག་དང་མཉམ་རྒྱ་ནག་གིས་བོད་དང་མཉམ་བཞག་པའི་ཆིངས་ཡིག་གི་ནང་དོན་རྩིས་མེད་བཏང་པ་དེས་ཐེ་ཝན་གྱི་ངོས་ནས་རྒྱ་ནག་དང་ཞི་བའི་གྲོས་མཐུན་ཟེར་བ་འཇོག་རྒྱུར་ཡིད་ཆེས་མ་སླེབས་པའི་དཔེ་མཚོན་དེ་ཡིན་པ་གསུངས་འདུག
ཕྱི་ཟླ་ ༣ ཚེས་ ༡༡ ཉིན་མུ་མཐུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་གཞུང་དང་མི་དམངས་ལ་བོད་ཀྱི་གནད་དོན་དྲན་གསོ་བྱེད་དགོས་པ་དང་བོད་ཀྱི་བདེ་འཇགས་ནི་རྒྱ་གར་རང་ཉིད་ཀྱི་བདེ་འཇགས་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་ཁག་ཤེས་རྟོགས་ཡོང་ཆེད་གོམས་བགྲོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་འདུག
བལ་ཡུལ་དུ་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་མི་ཚོའི་འདུ་འཛོམས་ལས་འགུལ་སོགས་ལ་དམ་དྲག་བྱེད་བཞིན་པར་བརྟེན་གསུམ་བཅུའི་དུས་དྲན་ངོ་རྒོལ་ལས་འགུལ་སོགས་སྤེལ་ཐུབ་མེད་པ་དང་། བོད་མི་ཚོས་ཟ་ཁང་དང་ཚོང་ཁང་སོགས་སྒོ་རྒྱབ་ནས་སོ་སོའི་རང་ཁྱིམ་ནས་མཆོད་འབུལ་སྨོན་ལམ་གྱི་ལམ་ནས་དུས་དྲན་སྲུང་བརྩི་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།