བོད་དོན་ཞུ་གཏུགས་ལས་འགུལ་ཐེངས་བཅུ་པ།

0:00 / 0:00

0:00 / 0:00

ཕྱི་ལོ་ ༢༠༡༨ ལོའི་ཨ་མི་རི་ཀའི་གྲོས་ཚོགས་ནང་བོད་རིགས་ཨ་མི་རི་ཀའི་མི་སེར་དང་བོད་དོན་རྒྱབ་སྐྱོར་བའི་བོད་དོ་ན་ཞུ་ཏུག་གི་ལས་འགུལ་འདི་དེ་རིང་ཕྱི་ཟླ་ ༣ ཚེས ༥ དང་ ༦ ཉིན་གྲངས་གཉིས་རིང་གནང་རྒྱུ་ཡིན་པ་རེད།

བོད་དོན་ཞུ་གཏུག་གི་ལས་འགུལ་འདི་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། ཐེངས་འདིའི་བོད་དོན་ཞུ་གཏུག་གི་ལས་འགུལ་འདིའི་ནང་ཨ་རིའི་མངའ་སྡེ་ཉི་ཤུ་ཙམ་ནས་ཁྱོན་་ཞུ་གཏུག་པ་ ༡༤༠ ལྷག་རྒྱལ་ས་ཝ་ཤིང་ཊོན་དུ་ཆེད་འབྱོར་གནང་སྟེ། ཁ་སང་ཕྱི་ཚེས ༤ གཟའ་ཉི་མའི་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ཞུ་གཏུག་པ་ཚོར་ལས་འགུལ་གཟབ་སྦྱོང་དང་ངོ་སྤྲོད་སོགས་གནང་ཡོད་པ་རེད།

རྒྱལ་སྤྱིའི་བོད་ལས་འགུལ་ཁང་གིས་གསལ་བསྒྲགས་གནང་པར་གཞིགས་ན། ཐེངས་འདིའི་བོད་དོན་ཞུ་གཏུག་གི་ལས་འགུལ་སྐབས་གཙ་བོ་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་བེབས་གནང་པའི་བོད་ཀྱི་སྲིད་བྱུས་ཀྱི་གྲོད་ཆོད་ནང་དོན་ཁག་ཨ་རིའི་སྲིད་གཞུང་ནས་ལག་བསྟར་ཚུལ་བཞིན་དོན་འཁྱོལ་ཡོང་ཐབས་དང་། ཡང་ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་གྲོས་ཚོགས་གོང་འོག་ནང་ཁྲིམས་འཆར་གྲོས་འཆར་བཏོན་པ་རྒྱ་ནག་གི་མི་སེར་ཨ་རིའི་ནང་ཐོང་མཆན་ཝི་ས་ཡོད་ཚེ་ཨ་རིའི་ནང་ཁུལ་དུ་འགྲོ་བསྐྱོད་བཀག་འགོག་མེད་པ་དེ་བཞིན་དུ་རྒྱ་ནག་ཏུ་འགྲོ་རྒྱུའི་ཐོང་མཆན་ཝི་ས་ཡོད་མཁན་ཨ་རིའི་མི་སེར་ཚོ་ཡང་བཀག་འགོག་མེད་པའི་ཐོག་ནས་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་བསྐྱོད་ཆོག་པ་དགོས་རྒྱུའི་ཕར་འཇལ་ཚུར་འཇལ་ཞེས་པའི་གྲོས་ཆོད་དེ་གང་མགྱོགས་གཏན་བེབས་འབྱུང་ཐབས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། བོད་ཀྱི་སྐད་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུགས་ལགས། དེ་བཞིབ་བློ་བཟང་དཀོན་མཆོག་ལགས་དང་། ཐབས་མཁས་རྒྱ་མཚོ་ལགས། མིག་དམར་དོན་གྲུབ་ལགས་དང་། ཤོག་བྱང་ལགས་སོགས་བོད་ཀྱི་སྲིད་དོན་བཙོན་པ་རྣམས་གློད་དཀྲོལ་དགོས་རྒྱུར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག།

ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་ལས་འགུལ་གྱི་ནང་ཞུགས་མཁན་མང་ཆེ་བ་ཨ་རིའི་ནང་སྐྱེས་ཚར་བྱུང་བའི་ལོ་ན་ཉི་ཤུ་དང་ཉི་ཤུ་མན་གྱི་བོད་རིགས་སྐྱེས་ཤ་སྟག་ཡིན་འདུག་ཅིང་། ཉིན་གྲངས་གཉིས་རིང་གི་ལས་འགུལ་འདིའི་རིང་གྲོས་ཚོགས་ཀྱི་འཐུས་མི་དང་འཐུས་མིའི་ལས་བྱེད་པ་སོགས་དང་མཉམ་དུ་ཁྱོན་བསྡོམས་ཚོགས་འདུ་གྲངས་བདུན་བཅུ་ཙམ་གནང་འཆར་ཡོད་འདུག།

ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་ཞུ་གཏུག་གི་ལས་འགུལ་ཞུ་བ་འདི་ཕྱི་ལོ་ ༢༠༠༩ ལོ་ནས་འགོ་བཙུགས་ཤིང་། ཐེངས་འདིའི་ལས་འགུལ་སྤེལ་ཐེངས་བཅུ་པ་དེ་ཡིན་འདུག།

གསར་འགོད་པ་སྐལྡན་བློ་གྲོས།