རྒྱ་ནག་གཞུང་གིས་བོད་ལ་གཉའ་གནོན་བྱས་ནས་ལོ་ངོ་བདུན་ཅུ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་།

2021-05-21
Share
རྒྱ་ནག་གཞུང་གིས་བོད་ལ་གཉའ་གནོན་བྱས་ནས་ལོ་ངོ་བདུན་ཅུ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་། རྒྱ་ནག་གཞུང་གིས་བོད་ལ་གཉའ་གནོན་བྱས་ནས་ལོ་ངོ་བདུན་ཅུ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་སྐབས། ༥།༢༡།༢༡
དྲ་བཤུས།/RFA

རྒྱ་ནག་གཞུང་གིས་བོད་ལ་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་ཚུལ་བསྒྲགས་བཞིན་ཡོད་ཀྱང་དོན་དངོས་ཐོག་བོད་ལ་གཉའ་གནོན་བྱས་ནས་ལོ་ངོ་བདུན་ཅུ་འཁོར་བར་ངོས་འཛིན་བྱེད་ཀྱི་འདུག
རྒྱ་ནག་གཞུང་གིས་བཙན་དབང་འོག་བཞག་བཅུག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པ་དེ་བཞག་ནས་འདི་ཚེས་༢༣་ཉིན་ལོ་ངོ་༧༠་ཕྱིན་ཡོད་པ་དང་བསྟུན། སུད་སིའི་སྐུ་ཚབ་དོན་ཁང་གིས་འདི་ཚེས་༢༡་ནས་༢༣་བར་ཉིན་གྲངས་གསུམ་རིང་། བཙན་དབང་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དང་། རྒྱ་ནག་གཞུང་གིས་བོད་ནང་གཉའ་གནོན་བྱས་པའི་ལོ་ངོ་༧༠་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བགྲོ་གླེང་བྱེད་བཞིན་པ་རེད།
བགྲོ་གླེང་གི་ནང་དོན་གཙོ་བོ་རྒྱ་ནག་གཞུང་གིས་བོད་བཅིངས་གྲོལ་བཏང་བ་ཟེར་བ་ནི་དོན་དངོས་ཆབ་སྲིད་ཀྱི་གཉའ་གནོན་བཏང་བ་ཡིན་པ་དང་། མ་ཟད་ཧོང་ཀོང་དང་བོད་གཉིས་ཀྱི་ནང་བཞག་པའི་གྲོས་མཐུན་གྱི་ནང་དོན་རྩིས་མེད་བཏང་བའི་ཕྱོགས་འདྲ་མཚུངས་ཡིན་པའི་གནད་དོན་སོགས་ཀྱི་སྐོར་བགྲོ་གླེང་གནང་གི་ཡོད་པ་རེད།
བགྲོ་གླེང་གནང་མཁན་གྲས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་། དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་(Rt. Tim Loughton)་ལགས། ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལུ་སེའོ་མ་ལན་(Lucio Malan)་ལགས། སུད་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་(Nicolas Walder)་ལགས། ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སིའི་(Budapest)་རྫོང་དང་པོའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཧྥེ་རན་སི་ (Ference Garencsér)་ལགས། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས། ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཨེཌ་ཝཌ་ཅིན་(Edward Chin)་ལགས་མཉམ་ཞུགས་ཀྱིས་གཏམ་བཤད་གནང་གི་ཡོད་འདུག
ཉིན་གཉིས་པའི་བགྲོ་གླེང་སར་ལོ་ངོ་༧༠་རིང་གི་གཉའ་གནོན་དང་གཏོར་བཤིག་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། བགྲོ་གླེང་ཐོག་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་འབྲུག་བསྟན་སྐྱིད་ལགས་སོགས་ཀྱིས་གཏམ་བཤད་གནང་གི་ཡོད་པ་རེད་འདུག
དེ་བཞིན་ཉིན་གསུམ་པར་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས་ལོ་ངོ་༧༠་ འཁོར་བ་ཞེས་པའི་བརྗོད་གཞིའི་ཐོག ཡོ་རོབ་ཁུལ་གྱི་གཞུང་ཞབས་མི་སྣ་ཁག་གཅིག་དང་ལྷན་བགྲོ་གླེང་གནང་རྒྱུར་སུད་སི་སྐུ་ཚབ་དོན་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གཙོ་སྐྱོང་གནང་གི་ཡོད་འདུག

དོན་ཚན་བཅུ་བདུན.png
འདི་ལོའི་ཕྱི་ཟླ་༥་ཚེས་༢༣་ཉིན་ནི། བོད་དང་རྒྱ་ནག་བར་རྒྱ་ནག་གཞུང་གིས་བོད་མི་ཚོར་བཅིངས་གྲོལ་གཏོང་རྒྱུའི་ཁས་ལེན་འོག་བཙན་དབང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་དུ་བཅུག་ནས་ལོ་ངོ་༧༠་འཁོར་བའི་ཉིན་མོ་ཡིན་པ་དང་། དེའི་མ་ཚད་རྒྱ་ནག་གཞུང་གིས་ཕྱིས་སུ་གྲོས་མཐུན་གི་ནང་དོན་དང་ཡང་འགལ་ཏེ་བོད་ནང་སྔར་བྱུང་མྱོང་མེད་པའི་སྡུག་རྩུབ་མནར་གཅོད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཡོད་པར་བརྟེན། རྒྱ་གཞུང་གིས་བོད་ལ་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་༧༠་འཁོར་ཚུལ་ཁྱབ་བསྒྲགས་བྱེད་བཞིན་པ་དེ་ནི་དོན་དངོས་ཐོག་རྒྱ་ནག་གཞུང་གིས་བོད་ལ་གཉའ་གནོན་བྱས་ནས་ལོ་ངོ་༧༠་འཁོར་གྱི་ཡོད་པར་ངོས་འཛིན་གྱིས་བགྲོ་གླེང་དེ་གོ་སྒྲིག་བྱས་བ་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།