སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༠༠་གླེང་སྟེགས་སྟེང་འཚམས་འཕྲིན་བསྩལ་འདུག

2021-10-13
Share
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༠༠་གླེང་སྟེགས་སྟེང་འཚམས་འཕྲིན་བསྩལ་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༠༠་གླེང་སྟེགས་སྟེང་འཚམས་འཕྲིན་བསྩལ་སྐབས། ༡༠།༡༢།༢༡
དྲ་བཤུས།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ལོ་ལྟར་བསྐོང་ཚོགས་གནང་བཞིན་པའི་(༢༠༠༠)་ཞི་བདེའི་ལྷན་ཚོགས་(Forum 2000)་ཞེས་པའི་ཚོགས་འདུ་ཐེངས་༢༥་དེ་བཞིན་ཕྱི་ལོ་༢༠༢༡་ཟླ་༡༠་ཚེས་ ༡༠་ནས་༡༢་བར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ཏུ་ཚོགས་ཤིང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་གནང་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་(Vaclav Havel) དམ་པ་ཁོང་ནི་མི་ངོ་མཚར་ཅན་ཞིག་ཡིན་པ་དང་། ཁོང་ད་སྐུ་འཚོ་བཞུགས་མེད་ནའང། ཁོང་གི་དགོངས་བཞེད་དང་ཐུགས་བསྐྱེད་དམ་བཅའ་དེ་དག་ནི་ང་ཚོ་དང་མཉམ་གཏན་དུ་གནས་མུས་ཡིན་པ་བཀའ་གནང་ཡོད་པ་རེད།
༢༠༠༠་གླེང་སྟེགས་སམ་(Forum 2000)་ཞེས་པ་འཛམ་གླིང་ནང་གི་དཀའ་རྙོག་ཁག་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཐད་གྲོས་བསྡུར་ཞུ་རྒྱུར་དམིགས་པའི་ལྷན་ཚོགས་ཀྱི་རང་བཞིན་དེ་ཐོག་མར་གསར་འཛུགས་གནང་མཁན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེ་བ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་འདས་པོ་ཝཙ་ཧ་ཝལ་མཆོག་ཡིན་ཞིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༢༠༠༠་གླེང་སྟེགས་ཀྱི་ཚོགས་མགོན་དུ་ལན་འགའ་ཤས་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་། སྲིད་འཛིན་ཟུར་པ་དམ་པ་ཁོང་གིས་འཛམ་གླིང་མི་མང་གི་བདེ་སྡུག་སླད་དགོངས་པ་བཞེས་ཕྱོགས་ནི། ད་ལྟའི་དུས་སུའང་དགོས་མཁོ་ཅན་ཞིག་ཆགས་ཡོད་པར་བརྟེན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་སྲིད་འཛིན་འདས་པོ་ཁོང་གི་དགོངས་པའི་ལམ་སྟོན་ལ་ཡིད་སྨོན་ཞུ་མཁན་ཚོས། མུ་མཐུད་ཁོང་གི་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་དང་བྱམས་བརྩེ་རྒྱུན་སྐྱོང་གི་བྱ་གཞག་ཁང་ལག་བསྟར་ཞུ་རྒྱུའི་དམིགས་བསལ་འོས་འགན་ཡོད་པ་བཀའ་གནང་ཡོད་པ་རེད།
༢༠༠༠་ཞི་བདེའི་ལྷན་ཚོགས་ཀྱི་གླེང་སྟེགས་སྟེང་འཛམ་གླིང་ཁྱོན་ཡོངས་ནས་ཆབ་སྲིད་པ་དང་། ཤེས་ཡོན་པ། ཚོང་ལས་པ་བཅས་ལས་རིགས་འདྲ་མིན་གི་ཆེད་ལས་པ་དང་། དབུ་ཁྲིད་གྲགས་ཅན་མང་པོ་འདུ་འཛོམས་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ལྷག་དོན་མང་གཙོ་གོང་འཕེལ་ཆེད་ཤེས་ཡོན་གྱི་གལ་གནད་སྐོར་ལ་བཀའ་བསྡུར་གནང་གི་ཡོད་པ་རེད།
འདི་ལོའི་གླེང་སྟེགས་༢༠༠༠་གྱི་ཚོགས་འདུའི་ཐོག་བོད་དང་ཤིན་ཅང། ཧོང་ཀོང་བཅས་ཀྱི་ནང་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་ཚུལ་དང་། ཕྱི་རྒྱལ་ཁག་གི་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ཀྱི་ཤུགས་རྐྱེན་སྐོར་གྱི་བརྗོད་གཞིའི་ཐད་བགྲོ་གླེང་གནང་སྐབས། བོད་མིའི་སྐུ་ཚབ་ཏུ་སྲིད་ཟུར་བློ་བཟང་སེང་གེ་ལགས་དང་། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་གཙོ་འཛིན་(Dolkun Isa)་ལགས། (German)་ཕྱི་འབྲེལ་ལྷན་ཚོགས་ཀྱི་ཉམས་ཞིབ་པ་གཅིག་དང་། (Sinopsis)་ཞེས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གི་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་(Martin Hála)་བཅས་ཀྱིས་གཏམ་བཤད་གནང་འདུག རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་ནང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། བོད་ནང་འཆར་གཞི་དང་ལྡན་པའི་མི་རིགས་ཀྱི་སྐད་ཡིག་རིག་གཞུང་བཅས་པ་རྩ་མེད་བཟོ་གི་ཡོད་པ། ཧོང་ཀོང་ནང་དམངས་གཙོའི་རང་དབང་ཡོངས་སུ་རྩ་མེད་བཟོ་གི་ཡོད་པའི་སྐྱོན་བརྗོད་ཆེན་པོ་འབྱུང་བཞིན་ཡོད་པ་རེད།

གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།