འཛམ་གླིང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཨ་རིའི་རྒྱལ་སར་དབུ་འཛུགས་གནང་སོང་།

2022.06.22

དེ་ཡང་འདི་ཚེས་༢༢ཉིན་འཛམ་གླིང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་(Dirksen)་ནང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་དབུ་ཞུགས་ཐོག་དབུ་འབྱེད་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གསུང་འཕྲིན་བསྩལ་གནང་མཛད་ཡོད་པ་རེད། ལྕམ་ནེན་སི་པེ་ལོ་སི་མཆོག་གིས། བོད་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་བྱུང་སྟེ་ལོ་ངོ་ ༣༥སོང་བ་དེ་ནི་སྐལ་བ་བཟང་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་དང་། འཛམ་གླིང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་ང་ཚོ་ཚང་མ་འདུ་འཛོམས་བྱེད་བཞིན་པ་འདི་ནི། ང་ཚོའི་ངོས་ནས་བོད་ཀྱི་བདེན་དོན་དང་བོད་མི་མང་ལ་རྒྱབ་སྐྱོར་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་བྱེད་ཆེད་ཡིན་པ་གསུངས་འདུག ལྷག་པར་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དེ་ནི་འགྲོ་བ་མིའི་ཐོག་ནག་ཉེས་བསག་པའི་བྱ་སྤྱོད་ཞིག་ཡིན་པ་གསུངས་ཡོད་པ་རེད།

287747024_2250186231802879_982514872765555770_n (1).jpg
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་བརྙན་འཕྲིན་གྱི་གསུང་འཕྲིན་ནང་། བོད་ལ་རྒྱབ་སྐྱོར་བྱེད་པ་ནི་བདེན་པར་རྒྱབ་སྐྱོར་བྱེད་པ་ཞིག་ཡིན་པ་དང་། འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པའི་ནུས་པ་ཡོད་པའི་རིག་གཞུང་ཞིག་སྲུང་སྐྱོབ་བྱེད་བཞིན་པ་ཡིན་པས། རྒྱལ་སྤྱིའི་ཚོགས་ཆེན་འདི་ལྟ་བུའི་སྐབས་གཙོ་བོ་བོད་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་རེད་ལ། དེ་བཞིན་བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་བར་ནུས་བ་ཆེ་ཙམ་འདོན་ཐུབ་ན་ཕན་ཐོགས་ཡོད་པ་བཀའ་གནང་འདུག་ལ། བོད་མི་ཚོས་རང་བཙན་རྩོད་ཀྱི་མེད་པ་བཀའ་གནང་སྟེ། ད་རེས་ཚོགས་འདུར་ཕེབས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་སྐུ་མགྲོན་རྣམ་པར་འཚམས་འདྲི་བསྩལ་གནང་མཛད་འདུག

287846760_2250186411802861_7957457096523206154_n.jpg
ད་ཐེངས་ཀྱི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་༢༧ཙམ་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་དངོས་སུ་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་གཞན་མང་པོ་ཞིག་དྲ་རྒྱའི་བརྒྱུད་ལམ་ནས་མཉམ་ཞུགས་གནང་གི་ཡོད་འདུག གཞན་ཚོགས་ཆེན་དེར་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་། ཧོང་ཀོང་། ཐེ་ཝན། ལྷོ་སོག་པོ་བཅས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོག་ཐང་ལས་འགུལ་བ། ཆེད་མཁས་བ་བཅས་ཀྱང་མཉམ་ཞུགས་གནང་གི་ཡོད་པ་སོགས་ཚོགས་ཆེན་གྱི་གསར་འགོད་འབྲེལ་མཐུད་པ་བྱང་ཨ་རིའི་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

288872830_5068385433280655_8770284006212432771_n.jpg
སྔོན་འཆར་ལྟར་ན། ཚོགས་ཆེན་ཐོག་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛེ་ཡ་(Uzra Zeya)་མཆོག་ཕེབས་རྒྱུ་བྱས་ཀྱང་མཛད་བྲེལ་རྐྱེན་ཕེབས་ཐབས་མ་བྱུང་བར་བརྟེན། སྤྱི་ཚེས་༢༡ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཙོས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་མཆོག་བཅས་ནས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨུཛ་ར་ཛེ་ཡ་(Uzra Zeya)་མཆོག་དང་མཇལ་འཕྲད་ཞུས་ནས་ཚོགས་འདུ་དང་འབྲེལ་བའི་བོད་དོན་བཀའ་མོལ་གནང་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་འདིའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་དང་འབྲེལ་བའི་ལས་འཆར་དང་། གོ་ལའི་གནམ་གཤིས་ཀྱི་ཚ་དྲོད་རྒྱས་བཞིན་པ་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པའི་དུས་འདིར་ཨེ་ཤེ་ཡ་དང་བོད་ཀྱི་གལ་འགངས་ཀྱི་སྐོར་སོགས་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། ཚེས་༢༣ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ཚོགས་ཆུང་གི་གོ་སྒྲིག་འོག་བོད་དོན་དང་འབྲེལ་བའི་ཉན་ཞིབ་གནང་གཏན་འཁེལ་འདུག289780571_571512111010271_2066646286746884936_n.jpg
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་དེ་བཞིན་ཕྱི་ལོ་༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་ཡོད་པ་དང་། དེ་ནས་རིམ་པས་ཕྱི་ལོ་༡༩༩༥ལོར་ལི་ཐུ་ནི་ཡའི་རྒྱལ་ས་ཝིལ་ནུས་དང་། ཕྱི་ལོ་༡༩༩༧ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། ཕྱི་ལོ་༢༠༠༥ལོར་སོ་ཀོཊ་ལེཎཊ་རྒྱལ་ས་ཨིཌན་སྦ་ར། ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལིའི་རྒྱལ་ས་རོམ། ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཌ་རྒྱལ་ས་ཨོ་ཊ་ཝ། ཕྱི་ལོ་ ༢༠༡༩ ལོར་ལཊི་ཝི་ཡའི་རྒྱལ་ས་རི་ག་བཅས་ལ་འཚོགས་གནང་ཡོད་པ་དང་། ད་རེས་ཀྱི་ཚོགས་ཆེན་ཐེངས་༨པ་ཆགས་ཀྱི་ཡོད་པ་དང་། དམིགས་ཡུལ་གཙོ་བོ་ནི་བོད་དོན་བདེན་མཐའ་སེལ་རྒྱུའི་ཆེད་འཛམ་གླིང་གི་རྒྱལ་ཁབ་ཁག་འདྲ་མིན་གྱི་གྲོས་ཚོགས་འཐུས་མིའི་ངོས་ནས་རྒྱབ་སྐྱོར་སྔར་ལྷག་ཤུགས་ཆེ་རུ་གཏོང་ཐབས་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས། ཀླུ་འབུམ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎