རྒྱ་ནག་གི་དཔོན་རིགས་ཚོས་རྒྱུ་ནོར་ཕྱི་ལ་གསོག་འཇོག

2014-01-23
གློག་འཕྲིན།
མཆན།
Share
པར་བཀོད།
ཞི་ཅིན་ཕེན་ཉེ་སྔོན་ཚོགས་པའི་རྒྱལ་སྟོན་དུས་ཆེན་གྱི་སྣེ་ལེན་འདུ་འཛོམས་སྐབས།
ཞི་ཅིན་ཕེན་ཉེ་སྔོན་ཚོགས་པའི་རྒྱལ་སྟོན་དུས་ཆེན་གྱི་སྣེ་ལེན་འདུ་འཛོམས་སྐབས།
པར། AFP

རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོས་རྒྱུ་ནོར་མང་པོ་རྒྱལ་ཁབ་ཕྱི་ལ་གསོག་འཇོག་བྱེད་བཞིན་པ་རེད་འདུག
དེ་ཡང་རྒྱལ་སྤྱིའི་གསར་འགོད་པའི་ཞིབ་འཇུག་ལྷན་ཚོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕུན་དང་། སྲིད་བློན་ཟུར་པ་ཝུན་ཅ་པོ་གཙོས་པའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་མང་པོས་རྒྱུ་ནོར་ཕོན་ཆེན་དཔྱ་ཁྲལ་གཡོལ་ཐབས་སུ་ཕྱིའི་རྒྱལ་ཁབ་ཁག་དུ་གསོག་འཇོག་བྱས་ཡོད་པའི་སྙན་ཐོ་རྒྱས་པོ་ཞིག་བཏོན་ཡོད་པ་དང་། གསང་བའི་ཡིག་ཆ་ས་ཡ་གཉིས་དང་ཕྱེད་ཀ་བཏུས་པའི་སྙན་ཐོ་དེ་ནི་ད་བར་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དང་། དེ་དག་གི་ནང་མི་སོགས་འབྱོར་ལྡན་མི་སྣས་རྒྱུ་ནོར་ལྐོག་གསོག་བྱས་པའི་སྙན་ཐོ་གསར་ཤོས་དེ་ཡིན་འདུག དེའི་གྲས་སུ་སྲིད་འཛིན་ཞི་ཅིནཕིན་གྱི་བཟའ་ཟླའི་སྤུན་མཆེད་དང་། ཝུན་ཅ་པོའི་མག་པ་ཡང་ཡོད་འདུག སྙན་ཐོ་དེ་བཞིན་རྒྱ་ནག་གཞུང་གིས་ཐོབ་ཐང་དོན་གཉེར་བ་དང་། གཞུང་གི་དཔོན་རིགས་ཚོས་རྒྱུ་ནོར་ལྐོག་གསོག་ལ་ངོ་རྒོལ་བྱེད་མཁན་ཞུ་ཀྲི་ཡོནXu Zhiyongལ་ཁྲིམས་གཏུག་གི་ཉིན་མོར་སྤེལ་བ་དང་། ཉིན་ཤས་གོང་ཝུན་ཅ་པོ་ཡིས་ཁོང་དང་ནང་མི་ཚོས་རྒྱ་ནག་གི་ཕྱི་རོལ་དུ་རྒྱུ་ནོར་ལྐོག་གསོག་བྱས་མེད་ཚུལ་གྱི་བསམ་ཤོག་ཤིག་ཧོང་ཀོང་གི་གསར་འགོད་པ་ཞིག་ལ་བཏང་ཡོད་འདུག རྒྱལ་སྤྱིའི་གསར་འགོད་པའི་ཞིབ་འཇུག་ལྷན་ཚོགས་ཀྱིས་སྙན་ཐོ་དེའི་ནང་རྒྱ་ནག་དང་། ཧོང་ཀོང་གཉིས་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་ལྐོག་དངུལ་གསོག་འཇོག་བྱེད་མཁན་ཉིས་ཁྲི་ཉིས་སྟོང་ཡོད་ཚུལ་འཁོད་པ་དང་། སྙན་ཐོ་དེ་བཞིན་རྒྱལ་སྤྱིའི་གསར་འགོད་པའི་ཞིབ་འཇུག་ལྷན་ཚོགས་ཀྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་ཚོགས་པ་འདྲ་མིན་ལྔ་བཅུ་ལྷག་ཐུན་མོང་གིས་མཁོ་སྒྲུབ་བྱས་པ་ཞིག་ཡིན་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།