ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་སྲིད་བྱུས་ཁྲོད་ཀྱི་བོད་ཀྱི་དགོན་སྡེ་ཁག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གི་ཡི་ཤུ་གནམ་བདག་ཆོས་ལུགས་ཀྱི་གནས་སྟངས་སྐོར་ལ་གནས་བསྡུས་ཤིག་བཏོན་ཡོད་པ་དང་། བོད་ནང་དུ་ཆོས་དད་རང་དབང་ཐོག་གཅིག་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་བཏོན་པའི་གནས་བསྡུས་འདིའི་ནང་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་སྲིད་བྱུས་ཁྲོད་ནས་རྒྱ་ནག་ནང་ཡོད་པའི་ཡི་ཤུ་གནམ་བདག་ཆོས་ལུགས་ཀྱི་མི་སྣར་བསམ་བློའི་སློབ་གསོ་དང་སྟངས་འཛིན་བྱེད་ཤུགས་རྒྱ་ཆེ་རུ་བཏང་པ་དང་། ཁྲིམས་སྲོལ་གྱི་སྒྲིག་ལམ་ཐོག་ནས་ཆོས་ཕྱོགས་བྱེད་སྒོར་བཀག་འགོག་བྱེད་བཞིན་ཡོད་པའི་གནས་ཚུལ་བཀོད་ཡོད་འདུག་པ་དང་། བོད་ནང་དུ་ཡང་ནང་པ་སངས་རྒྱས་པའི་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་སྲིད་བྱུས་ཁྲོད་ནས་བོད་ཀྱི་དགོན་སྡེ་ཁག་ནང་འདུ་ཤེས་གསུམ་ཟེར་བ་སོགས་ཀྱི་སློབ་གསོ་དང་དམ་བསྒྲགས་བྱེད་བཞིན་ཡོད་འདུག

རྒྱ་ནག་ནང་ཆོས་ལུགས་ཐོག་སྟངས་འཛིན་ནན་དུ་གཏོང་བ་དང་དོ་དམ་ལམ་ལུགས་ཅན་དུ་ཤུགས་གནོན་རྒྱབ་བཞིན་པ།

དེ་ཡང་ད་རེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ངོ་སྤྲོད་གནང་པའི་གནས་ཚུལ་ནང་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་རྒྱུ་ཟེར་བའི་སྒྲོམ་གཞི་འདིའི་འོག་ཡི་ཤུ་གནམ་བདག་ཆོས་ལུགས་ཀྱི་དད་ལྡན་པའི་ཁྲོད་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་བརྩི་བཀུར་ཞུ་དགོས་པ་དང་ཆོས་ལུགས་ཀྱི་ལྟ་བ་དང་ཉམས་ལེན་རྣམས་གཞུང་ཕྱོགས་ཀྱི་བསམ་བློའི་འདུ་ཤེས་དང་མཐུན་དགོས་པ། ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། མི་སྣའི་འགྲོ་སྐྱོད། ཕྱི་ཕྱོགས་ལ་འབྲེལ་བ་སོགས་ཀྱི་ཐོག་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་བཀོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། བྱེད་ཐབས་འདི་དག་ནི་གཞུང་ཞིག་གིས་འཛིན་སྐྱོང་དོ་དམ་བྱེད་པའི་ཁྱབ་ཁོངས་ལས་བརྒལ་ཏེ། ཆོས་ལུགས་རང་དབང་ལ་གོ་རིམ་ལྡན་པའི་སྒོ་ནས་ཚོད་འཛིན་བྱེད་པའི་གནས་སྟངས་ཤིག་ཏུ་འགྱུར་ཡོད་པར་ངོས་འཛིན་གནང་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་སྐོར་གྱི་ཚོགས་འདུ་ཚོགས་པ།
རྒྱ་ནག་ནང་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་སྲིད་བྱུས་ཁྲོད་བོད་ཀྱི་དགོན་སྡེ་ཁག་ལ་ཡང་དམ་བསྒྲགས་ནན་པོ་བྱེད་བཞིན་ཡོད་པ། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་སྐོར་གྱི་ཚོགས་འདུ་ཚོགས་པ། (China Daily)

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ་ནས་བཟུང་ཡི་ཤུ་གནམ་བདག་ཆོས་ལུགས་ཀྱི་མི་སྣའི་ཁྲོད་ཆེ་ཆུང་འདྲ་མིན་གྱི་དཀའ་ངལ་མང་པོ་འཕྲད་ཡོད་པ་དང་། རྒྱ་ནག་གཞུང་གི་བྱ་ཐབས་འདི་རྣམས་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་འགལ་ཡོད་པ་མ་ཟད། ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་། ཕར་འགྲོ་ཚུར་འོང་གི་རང་དབང་སོགས་ཐོབ་ཐང་མང་པོར་རྩིས་མེད་གཏོང་གི་ཡོད་པ་བརྗོད་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ཚོགས་གཙོ་ཟུར་པ་ཁེ་ལི་ཧྥོ་ཎི་ཡའི་གཙུག་ལག་སློབ་གྲྭའི་ཡོངས་རྫོགས་སློབ་དཔོན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་འདི་ཆེས་ཛ་དྲག་དང་། འཆར་གཞི་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱ་ནག་དམར་པོའི་གཞུང་གིས་ཆེས་དམ་བསྒྲགས་བྱེད་བཞིན་ཡོད། ལྷག་པར་དུ་རྒྱ་ནག་གི་སྲིད་འཛིན་བོད་ལ་སྐྱོད་སྐབས་བོད་བརྒྱུད་ནང་བསྟན་འདི་རྒྱ་ནག་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་མཚོན་ཐུབ་པ་ཞིག་དགོས་པ་དང་། ནང་ཆོས་འདི་ཡང་རྒྱ་ནག་དམར་ཤོག་གི་དགོས་མཁོ་ཅན་དུ་སྒྱུར་བ་འདི་ནི་གནད་དོན་ཚབས་ཆེན་ཞིག་ཡིན་པ་རེད་ཅེས་གསུངས་བྱུང་།

ཨ་རིའི་ཏུད་ཧྭ་རོགས་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་ཧྥུ་ཤེ་ཆའུ་ལགས་ཀྱིས་ཡིག་ཐོག་ནས་བསམ་ཚུལ་ངོ་སྤྲོད་གནང་བར། ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་བ་ཟེར་བ་འདི་ཆོས་ལུགས་རང་དབང་གི་གནས་སྟངས་ས་གནས་རང་བཞིན་དུ་མཚོན་པར་བྱེད་པ་ཞིག་མ་ཡིན་པར། རྒྱལ་ཁབ་ཀྱིས་གཙོ་ཁྲིད་བྱས་པའི་ཆབ་སྲིད་བསྒྱུར་བཀོད་ཀྱི་ལས་གཞི་ཞིག་རེད། དེས་ཆོས་ལུགས་བྱེ་བྲག་པ་ཞིག་ནུས་པ་ཆུང་དུ་གཏོང་བ་ཞིག་མིན་པར། ཆོས་ལུགས་ཚང་མར་ཐུན་མོང་ཐོག་ཡོད་པའི་བསམ་ཤེས་ཀྱི་རང་དབང་དང་། དད་མོས་ཀྱི་རང་དབང་། དེ་བཞིན་ཚོགས་ཁག་གི་རང་སྐྱོང་གི་ཐོབ་ཐང་དང་བཅས་པ་ཚང་མ་ཚུད་ཡོད་ཅེས་ལན་འདེབས་གནང་བྱུང།

བོད་ནང་གི་ཆོས་ལུགས་རང་དབང་གི་གནས་བབ། ལམ་ལུགས་ཀྱི་དོ་དམ་ནས་སྤྱི་ཚོགས་ཀྱི་ཚོད་འཛིན་བར།

རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནས་བཟུང་བོད་ནང་གི་ཆོས་ལུགས་སྟངས་འཛིན་བྱེད་སྟངས་ཐད་ཁྲིམས་སྲོལ་སྒྲིག་ཁྲིམས་དང་བོད་བརྒྱུད་ནང་བསྟན་འདི་བཞིན་ཁྱོན་ཡོངས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་བཅོས་སྒྲིག་བྱས་པའི་མ་ལག་ནང་བཅུག་པའི་གོམ་སྟབས་ཤིག་སྤོས་ཡོད་འདུག

དེ་ཡང་༢༠༢༥ ལོའི་ཟླ་ ༡ པོ་ནས་ལག་བསྟར་བྱས་པའི་《བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་བྱེད་ཐབས་》ཞེས་པ་འདི་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་ཐོག་འཛིན་པའི་སྲིད་བྱུས་མངོན་གསལ་དོད་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད།

དེའི་ནང་དགོན་པ་དང་གྲྭ་བཙུན་ཚོས་ངེས་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་བརྩི་བཀུར་བྱེད་དགོས་པ་དང་།

ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་དོན་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་ཟེར་བ་དང་མཐུན་དགོས་པ།

དགོན་པའི་འཛིན་སྐྱོང་མི་སྣ་དང་ཆོས་ལུགས་ཀྱི་གོ་གནས་ཁག་ལ་གཞུང་དང་གཞུང་འབྲེལ་གྱི་ནང་བསྟན་མཐུན་ཚོགས་ཀྱི་ཞིབ་བཤེར་ཐོབ་དགོས་ཞེས་ནན་བརྗོད་བྱས་ཡོད།

ཡང་ཨ་རིའི་ཏུད་ཧྭ་རོགས་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་ཧྥུ་ཤེ་ཆའུ་ལགས་ཀྱིས་ཡིག་ཐོག་ནས་མུ་མཐུད་འགྲེལ་བརྗོད་གནང་བར། ངའི་བསམ་པར་ད་ལྟ་བོད་ལ་འཕྲད་བཞིན་པའི་དཀའ་ངལ་ནི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་གོ་སྐབས་རྒྱ་ཆུང་དུ་བཏང་པའི་གནད་དོན་ཙམ་མ་ཡིན་པར། བོད་བརྒྱུད་ནང་བསྟན་གྱི་སྲོག་ཤིང་རང་བཞིན་དང་། རྒྱུན་འཛིན་གྱི་རང་བཞིན། དེ་བཞིན་བདེན་པའི་རང་བཞིན་བཅས་ལ་ལམ་ལུགས་ཀྱི་རང་བཞིན་ལྡན་པའི་ཉེན་ཁ་འཕྲད་བཞིན་པ་དེ་རེད། འདིས་བོད་ཁོ་ནའི་གནད་དོན་ཙམ་མ་ཡིན་པར། རྒྱ་ནག་གཞུང་གིས་ཆོས་ལུགས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་བཅས་ལའང་གོ་རིམ་ལྡན་པའི་ཐོག་ནས་བཙན་གནོན་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལྟ་སྟངས་ཇི་ལྟར་འཛིན་མིན་ལ་རག་ལུས་པ་ཞིག་ཀྱང་རེད་ཅེས་གསུངས་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པའི་ནང་འདུ་ཤེས་གསུམ་ཟེར་བའི་སློབ་གསོ་སྤེལ་བཞིན་པ།
རྒྱ་ནག་ནང་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་སྲིད་བྱུས་ཁྲོད་བོད་ཀྱི་དགོན་སྡེ་ཁག་ལ་ཡང་དམ་བསྒྲགས་ནན་པོ་བྱེད་བཞིན་ཡོད་པ། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པའི་ནང་འདུ་ཤེས་གསུམ་ཟེར་བའི་སློབ་གསོ་སྤེལ་བཞིན་པ། (Tibet Daily)

གཞན་ཡང་འགྲོ་བ་མིའི་ཐོབ་ཐང་གི་ལྟ་ཞིབ་ཚོགས་པས་བཏོན་པའི་ཡི་ཤུ་གནམ་བདག་ཆོས་ལུགས་སྐོར་གྱི་གནས་བསྡུས་འདིའི་ནང་བཀོད་པའི་གནས་ཚུལ་དང་གཅིག་མཚུངས་ཀྱིས་བོད་ནང་དུ་ཡང་ཆོས་ཕྱོགས་ཀྱི་ལས་དོན་ཐོག་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པ་ཞིག་གོང་ཞུས་ཀྱི་《བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་བྱེད་ཐབས་》ཞེས་པའི་ནང་དོན་ལས་གསལ་རྟོགས་ཐུབ་ཀྱི་ཡོད་པ་སྟེ། གྲྭ་བཙུན་གྱི་གྲངས་ཀ་དང་དགོན་པར་ཞུགས་པའི་བརྒྱུད་རིམ་ལ་ངེས་པར་དུ་གཞུང་གི་ཆོག་མཆན་དང་ཐོ་འགོད་བྱེད་དགོས་ཤིང་། ཆོས་ལུགས་སློབ་གསོའི་ཐད་རིམ་པ་གོང་མའི་ཆོག་མཆན་ཞུ་དགོས་པ། ལོ་ཚད་མ་ལོན་པའི་བྱིས་པ་དགོན་པར་ཆོས་ཞུགས་བྱ་མི་ཆོག་པ། གནས་ཚུལ་དགོན་པའི་ས་ཁུལ་ནས་བརྒལ་ཏེ་ཆོས་ཕྱོགས་བྱེད་སྒོ་སྤེལ་བར་ངེས་པར་དུ་གཞུང་གི་ཆོག་མཆན་ཐོབ་དགོས་པ་སོགས་བྱ་ཐབས་རབ་དང་རིམ་པ་བཟོས་ཡོད་འདུག རྒྱ་ནག་གཞུང་གིས་ལམ་ལུགས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་ཐོས་བསམ་སྒོམ་གསུམ་གྱི་སློབ་སྦྱོང་དང་རྒྱུན་འཛིན་གྱི་གནས་སྟངས་ལ་འགྱུར་བ་བཏང་སྟེ། དགོན་པའི་ནང་ཆོས་ལུགས་སློབ་སྦྱོང་ལས་དམར་ཤོག་གི་ཆབ་སྲིད་སློབ་གསོར་དུས་ཚོད་མང་བ་གཏོང་དགོས་སྐོར་གྲ་བཙུན་ནང་སྐད་ཆ་ཡོང་གི་ཡོད་འདུག

ཨ་རིའི་ཁེ་ལི་ཧྥོ་ཎི་ཡའི་གཙུག་ལག་སློབ་གྲྭའི་ཡོངས་རྫོགས་སློབ་དཔོན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། ང་ཚོ་ཕྱི་ལ་ཡོད་པ་ཚོས་བོད་ཀྱི་གནད་དོན་སྤྱི་དང་། ལྷག་པར་དུ་ཆོས་དད་རང་དབང་ཐོག་གི་གནས་ཚུལ་འདི་རྣམས་འཛམ་གླིང་ཡོངས་ཀྱི་མཁྱེན་པ་བྱས་ནས་བཟང་ཕྱོགས་ཀྱི་འགྱུར་བ་གང་གཏོང་ཐུབ་རྒྱུ་འདི་ང་ཚོ་ཚང་མར་འགན་ཡོད་ཅེས་ངོས་འཛིན་གནང་གི་འདུག

བོད་ནང་གི་བོད་མིས་བརྗོད་པར་གཞིགས་ན། ད་ལྟ་སློབ་གྲྭར་སྐྱོད་བཞིན་པའི་སློབ་མ་དགོན་པར་སྐྱོད་མི་ཆོག་པ་དང་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་མཉམ་ཞུགས་བྱེད་ཆོག་གི་མེད་པ་དང་། གཞུང་ཞབས་པ་དང་ལས་ཁུངས་ཡོད་པའི་ལས་བཟོ་ཚོས་ཆོས་ཕྱོགས་བྱེད་སྒོའི་ནང་ཞུགས་རྒྱུར་བཀག་བསྡོམས་བྱས་ཤིང་། ལོ་གཅིག་གི་ནང་ཆོས་ལུགས་དང་འབྲེལ་བའི་དུས་ཆེན་ཤར་ལ་ཉེ་བའི་སྐབས་མཉམ་ཞུགས་བྱ་མི་ཆོག་པའི་ནན་བརྗོད་བྱེད་ཀྱི་ཡོད་པས། ཐ་ན་ལས་གནས་ནས་རྒན་ཡོལ་ཞུས་ཟིན་པའི་མི་སྣའི་ཁྲོད་ལ་ཡང་བཀག་འགོག་བྱེད་ཀྱི་ཡོད་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་གསུམ་པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་དྲུང་ཆེ་གཞོན་པ་ཡན་ཅིན་ཧའེ་ནས་རྭ་མོ་ཆེ་གཙུག་ལག་ཁང་དང་གྲ་བཞིན་དགོན་པར་ལས་དོན་རྟོགས་ཞིབ་ལ་སྐྱོད་སྐབས། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འདུ་ཤེས་གསུམ་ཟེར་བའི་སློབ་གསོ་ནན་ཏན་ངང་སྤེལ་དགོས་པ། གྲྭ་བཙུན་ཚོའི་ཁྲོད་རྒྱལ་ཁབ་ནི་ཆོས་ལུགས་ལས་གལ་ཆེ་བ་དང་། རྒྱལ་ཁབ་ཀྱི་ཁྲིམས་ནི་ཆོས་ཁྲིམས་ལས་གལ་ཆེ་བ་ཟེར་བའི་ལྟ་བ་འཛུགས་རྒྱུར་ལམ་སྟོན་བྱེད་དགོས་པ་བརྗོད་པ་དང་དུས་མཚུངས། ད་དུང་བོད་བརྒྱུད་ནང་བསྟན་འདི་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པོ་ཡོང་བ་དགོས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བརྗོད་བྱས་འདུག

སློབ་དཔོན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། ཆུང་སྲིད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དུས་ད་ལྟ་ཡིན་རུང་། ཞལ་མཇལ་གསུང་ཐོས་བྱེད་རྒྱུ་ཕར་བཞག་སྐུ་པར་ཙམ་ཡང་མཇལ་ཐུབ་ཀྱི་མེད། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ན་སྨིན་པོར་ཕེབས་ནས་སྐུའི་ཡང་སྲིད་ཐོག་ལ་ཡང་ཁྲིས་གསར་པ་བཟོས་པ་དང་། ཁོང་ཚོའི་སྟངས་འཛིན་བྱེད་འདོད་བྱེད་ཀྱི་ཡོད་པ་སོགས་འདི་འདྲའི་གནད་དོན་མང་པོའི་ཐོག་དང་། བོད་ནང་གི་ཆོས་བྱེད་དགེ་འདུན་པ་སོགས་ཀྱི་ཁྲོད་དམ་བསྒྲགས་བྱེད་ཀྱི་ཡོད་པའི་གནས་ཚུལ་འདི་རྣམས་ནི་ཇེ་ཞན་ཇེ་སྡུག་རང་གི་གནས་སྟངས་ཤིག་རེད་ཅེས་གསུངས་བྱུང།

ཡང་སྲིད་ལམ་ལུགས་དང་ཆོས་ལུགས་ཀྱི་དབང་ཚད་ཐད་རྒྱ་ནག་གཞུང་གིས་གལ་ཆེ་རྩིས་བཞིན་ཡོད་པ།

བོད་བརྒྱུད་ནང་བསྟན་གྱི་ཁྲོད་དུ་བླ་མའི་ཡང་སྲིད་ངོས་འཛིན་ཞུ་སྲོལ་ཡོད་པ་འདི་ནི་ཆོས་ཕྱོགས་ཁོ་ནའི་དབང་ཚད་ཡིན་རུང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོའི་《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཡང་སྲིད་དོ་དམ་བྱེད་ཐབས་》ཟེར་བ་ཞིག་གཏན་འབེབས་བྱས་ཏེ། ཡང་སྲིད་ངོས་འཛིན་བྱེད་པར་ལྷ་མེད་སྨྲ་བའི་དམར་ཤོག་གཞུང་གི་ཆོག་མཆན་ཐོབ་དགོས་པ་གཏན་འབེབས་བྱས་ཡོད།

ཟླ་ ༢ ཚེས་༢༣ ཉིན་བཞུགས་སྒར་དུ་༧གོང་ས་མཆོག་ལ་བསྟན་བཞུགས་འབུལ་སྐབས།
རྒྱ་ནག་ནང་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་སྲིད་བྱུས་ཁྲོད་བོད་ཀྱི་དགོན་སྡེ་ཁག་ལ་ཡང་དམ་བསྒྲགས་ནན་པོ་བྱེད་བཞིན་ཡོད་པ། ཟླ་ ༢ ཚེས་༢༣ ཉིན་བཞུགས་སྒར་དུ་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་སྐབས། (OHHDL)

འོན་ཀྱང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༥ ལོར་གསལ་བསྒྲགས་སྤེལ་གནང་ཡོད་པར། ༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པ་དང་། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད་པ་བཅས་ཀུན་གྱིས་ཡིད་འཇགས་གྱིས་ཞེས་གསལ་བསྒྲགས་གནང་ཡོད།

ཨ་རི་དང་ཡོ་རོབ་ཡུལ་གྲུའི་དཔོན་རིགས་ཚོས་ཀྱང་བོད་ཀྱི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐོག་རྒྱ་ནག་གཞུང་གིས་ཐེ་ཇུས་བྱས་པར་སྐྱོན་བརྗོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་འདུག

པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།