དགེ་འདུན་པ་རྒྱལ་བ་ལགས་སུ་ཆབ་སྲིད་དང་འགལ་བའི་ཉེས་མིང་འོག་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་འདུག

2024.06.24
དགེ་འདུན་པ་རྒྱལ་བ་ལགས་སུ་ཆབ་སྲིད་དང་འགལ་བའི་ཉེས་མིང་འོག་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་འདུག མགོ་ལོག་དཔལ་ཡུལ་དར་ཐང་དགོན་དང་དཔལ་ཡུལ་གྲོང་ཚོའི་པར་རིས། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ཟླ་བ་ ༥ པའི་ཟླ་མཇུག་ནང་རྒྱ་ནག་གཞུང་གིས་བོད་ནང་གི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ས་ཁུལ། གཅིག་སྒྲིལ་རྫོང་ཁོངས་སུ་ཆགས་པའི་དཔལ་ཡུལ་དར་ཐང་དགོན་ཆེན་གྱི་དགེ་འདུན་པ་རྒྱལ་བ་ལགས་ནས། སྤྱི་ཚོགས་དྲ་ལམ་དུ་མཆན་ཞིག་བྲིས་པ་དེ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་། ཆབ་སྲིད་སོགས་དང་འགལ་བའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་ཀྱིས་འདྲི་རྩད་བཀག་སྐྱིལ་བྱས་ཡོད་པ་མ་ཟད། མགོ་ལོག་ཁུལ་གྱི་དགོན་སྡེ་ཁག་ཏུ་དགེ་འདུན་པའི་བསམ་བློ་ཆབ་སྲིད་ཐད་དོ་དམ་ཤུགས་སྣོན་དགོས་པའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་བོད་མི་ཞིག་གིས་མུ་མཐུད་བརྗོད་དོན་ལ། དགེ་འདུན་པ་རྒྱལ་བ་ལགས་འཛིན་བཟུང་དང་འབྲེལ་རྒྱ་ནག་གཞུང་གིས་མགོ་ལོག་གཅིག་སྒྲིལ་རྫོང་གི་དགོན་སྡེ་ཁག་ཚང་མའི་ནང་དམ་དྲག་དང་། ཆབ་སྲིད་སློབ་གསོ་ཤུགས་ཆེར་སྤེལ་བཞིན་པ་མ་ཟད། དགོན་པ་དང་སྡེ་བ་ཡུལ་ཚོ་སོགས་ཚང་མའི་འགོ་ཁྲིད་ཚོ་བརྒྱུད་ནས། དགེ་འདུན་པ་དང་མི་མང་ནས་སྤྱི་ཚོགས་དྲ་ལམ་དུ་སྲིད་གཞུང་གི་ཆབ་སྲིད་ལངས་ཕྱོགས་དང་འགལ་བའི་པར་དང་བརྙན། ཡིག་རིགས་སོགས་གང་ཡང་སྤེལ་མི་ཆོག་པ་མ་ཟད། གཅིག་སྒྲིལ་རྫོང་ཁོངས་ཀྱི་དགོན་པ་དོ་དམ་ཁང་དང་དམངས་དམ་ཁང་ཟེར་བ་གཉིས་ཀྱིས་དགོན་པའི་དགེ་འདུན་པར་དོ་དམ་ཤུགས་སྣོན་ཞེས་པའི་ཆབ་སྲིད་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེར་སྤེལ་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་དྲ་ལམ་ཁག་ཏུ་སྲིད་གཞུང་གིས་བཀོད་ཁྱབ་ལྟར། དགོན་པ་དང་མི་མང་གི་དོ་དམ་པ་དང་འགོ་ཁྲིད་ཚོས་མི་མང་ལ་སྤྱི་ཚོགས་དྲ་ལམ་ཁག་ལ་གནས་ཚུལ་འདྲ་མིན་སྤེལ་རྒྱུར་ཡིད་གཟབ་དང་། རང་ངོས་ནས་སྟངས་འཛིན་དགོས་པའི་ཁྱབ་བསྒྲགས་སོགས་སྤེལ་བཞིན་པ་མཐོང་རྒྱུ་འདུག་ལ། ཡང་འབྲེལ་ཡོད་གཞན་ཞིག་ནས་དགེ་འདུན་པ་རྒྱལ་བ་ལགས་འཛིན་བཟུང་དང་འབྲེལ། གཅིག་སྒྲིལ་རྫོང་གི་རྫོང་དཔོན་དང་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་སོགས་དགོན་པར་ཡོང་སྟེ། དགོན་པའི་བླ་སྤྲུལ་དང་དམངས་དམ་ཁང་ཟེར་བའི་ལས་བྱེད་ཚོར་སྐྱོན་བརྗོད་དང་། དགོན་པར་བསྡད་ཡོད་པའི་དགེ་འདུན་པ་ ༡༠༠ ཙམ་ལ་ཉིན་གྲངས་ ༡༠ ཡས་མས་རིང་ཆབ་སྲིད་སློབ་གསོ་སྤྲད་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་བོད་མིའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་རིགས་ལ་སྟངས་འཛིན་དང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། ལྷག་པར་དུ་ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་བསླེབ་ལ་ཉེ་བ་དང་བསྟུན། བོད་ནང་གི་དགོན་སྡེ་ཁག་དང་མི་མང་ཁྲོད་དམ་དྲག་སྟངས་འཛིན་ཤུགས་ཆེར་བྱེད་བཞིན་ཡོད་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎